R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༡༡
[A:༡༡༡]སྒྲུབ་པ་གནང་བས་གྲུམ་པའི་ལུང་ནང་ཐམས་ཅད་དྲི་བཟང་གིས་ཁྱབ་པ་དང༌། མཁའ་འགྲོས་དམ་ཚིག་གི་རྫས་ལ་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། ཁྱད་པར་དུ་གོང་བུའི་གྲུབ་པ་ཚུགས་པ་ནས་བཟུང་རིལ་བུའི་སྒྲུབ་པ་མཐར་མ་ཕྱིན་གྱི་བར་ལ་ཐོག་མཐའ་བར་གསུམ་དུ་སྒྲ་ཤིན་ཏུ་གསལ་བས་རིལ་བུ་ཁར་སོང་བའི་སེམས་ཅན་ཐམས་ཅད་སྐྱེ་བ་བཅུ་གཉིས་ཚུན་ལ་ངེས་པར་འཚང་རྒྱ་བ་ཡོད་དོ་ཟེར་བའི་མཁའ་འགྲོའི་ལུང་བསྟན་ཁྱད་པར་ཅན་ཐོབ་པ་སོགས་གེགས་མེད་དུ་མཐར་ཕྱིན། དེ་ནས་ཁྲོ་བོ་ཞེས་བྱ་བ་ཤིང་ཕོ་འབྲུག་གི་ལོ་ནས་ཕུར་བུ་ཞེས་བྱ་བ་ས་ཕོ་སྤྲེའུའི་བར་ལོ་ལྔའི་རིང་ལ་ཁམས་གཙང་གི་གྲ་པ་སོ་སོའི་བློ་རིགས་དང་བསྟུན་ཏེ། ལོ་རེའི་ནང་དུ་གསུང་ངག་རིན་པོ་ཆེ་ཚར་གཉིས་གཉིས་ཙམ་གྱིས་གཙོ་བྱས་གང་ལ་གང་འདོད་ཀྱི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་བསྐོར་བ་མཛད། ཞི་བ་ཞེས་བྱ་བ་ས་མོ་བྱའི་ལོ་དགུན་ས་བཟང་དགོན་པར་ཕེབས་ཏེ། རྗེ་བཙུན་རྡོ་རིང་པ་ཆེན་པོས་གཙོ་མཛད་ཁམས་གཙང་གི་གྲ་པ་སྐལ་པ་མཆོག་ཏུ་གྱུར་པ་ཐོག་མར་བརྒྱ་ཕྲག་ལྷག་པ་ཙམ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་གནང༌། ཐུན་མོང་ཞེས་བྱ་བ་ལྕགས་ཕོ་ཁྱིའི་ལོ་ལ་ཡང་བཞི་ཐོག་ཏུ་ཕེབས་ནས་གསུང་ངག་ཚར་གཅིག་གནང་བར་མཛད་དོ། །ཇི་ལྟར་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་སུ། །ཧེ་རུ་ཀཿདཔལ་འཁོར་ལོའི་དབང་ཕྱུག་གིས། །མཆོག་གི་དཔའ་བོ་རྣལ་འབྱོར་མ་ཚོགས་ལ། །གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོར་བ་ལྟར། །མཁས་མང་ངང་མོ་འདུས་པའི་ཆུ་