R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༡༢
[A:༡༡༢]གཏེར་དབུས། །ཟབ་ཡངས་མགྲིན་པའི་རྫ་རྔ་བརྡུང་མཁས་པའི། །གྲུབ་མཆོག་ངང་མོའི་དེད་དཔོན་ས་སྐྱ་པ། །རྗེ་བཙུན་མཁའ་འགྲོའི་དབང་པོ་མ་ཏིའི་མཚན། །མཚན་ལྡན་དམ་པའི་ངོ་མཚར་གཏམ་ཐོས་ཚེ། །ཚེ་འདིར་སྔོན་ཆད་ཁྱོད་ཞལ་མཐོང་བའི་ལས། །ལས་དཀར་སྐལ་བས་དབེན་པའི་སྐྱེ་བོ་བདག །བདག་ཉིད་ཆེན་པོ་ཁྱོད་ཀྱི་འཛུམ་དཀར་ཞལ། །ནམ་ཞིག་མཐོང་བའི་དགའ་སྟོན་ཐོབ་སྙམ་ནས། །ཡིད་ལ་བྱ་བས་སྐབས་གཞན་འཕྲོགས་གྱུར་ཏེ། །སྙིང་གི་པདྨར་ཁྱོད་ཀྱི་བསམ་གཏན་བགྱིད། །དེ་ལྟ་མོད་ཀྱི་ཁྱོད་སྲས་ཐུ་བོའི་མཆོག །ཀུན་སྤངས་ཆོས་རྗེའི་ཞབས་རྡུལ་གཙུག་གིས་བསྟེན། །དེ་ལས་འོངས་པའི་ཁྱོད་གསུང་བདུད་རྩིའི་རྒྱུན། །སྙིང་དབུས་བུམ་བཟང་གང་བའི་དཔལ་ཡོན་གྱིས། །ད་ལྟ་གངས་ཅན་འདི་ན་རིག་སྔགས་འཆང༌། །མཁས་པར་རློམ་པ་བྱེད་པའི་ངོ་མཚར་ལ། །ནམ་ཡང་སྙིང་གི་ཆུ་གཏེར་མི་གཡོ་བའི། །དམ་པའི་བཀའ་དྲིན་བསམ་ཞིང་དྲན་པར་གྱུར། །གཏུམ་དྲག་རྐང་འཐུང་ཆེན་པོའི་སྙེ་མ་ལས། །དད་ཅན་བྷུ་ཏི་ཧ་རིའི་རྫས་སྦྱོར་གྱིས། །དམ་རྫས་པད་མཚོ་རྙོག་པའི་འཁྲུལ་འཁོར་ནི། །འཇའ་བཞིན་སྤྱོད་པས་བསླུ་བ་རིང་དུ་དོར། །རྣམ་མང་དམ་ཚིག་རྫས་ཀྱི་ཨ་མྲྀ་ཏ། །རྣམ་དག་ཆོ་གའི་སྒོ་ནས་ལེགས་བསྒྲུབ་པ། །རྣམ་དཀར་དགེ་བའི་མཚན་མ་ཆེར་གསལ་བའི། །རྣམ་གྲོལ་གོ་འཕང་སྟེར་བ་མཁའ་འགྲོས་བསྒྲགས། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཞེས་བྱ་བ་ལས་ཡུལ་གཙང་ཕྱོགས་སུ་གསང་ཆེན་ཟབ་མོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་དམ་རྫས་ཀྱི་རིལ་བུ་བསྒྲུབ་པའི་སྐབས་ཏེ་བརྒྱད་པའོ།། །།བོད་ཡུལ་དབུས་