[A:༤༢]བའི་མཁྱེན་བརྩེའི་སྣང་བརྙན་ནི། །རྩེར་སོན་མཚན་ལྡན་རྡོ་རྗེ་འཛིན་པའི་རྗེ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ས་སྐྱ་པའི། །ཞབས་ཀྱི་པདྨོར་སྙིང་ནས་གུས་པས་འདུད། །ཅེས་བརྗོད་ནས། གོང་དུ་སྨོས་པའི་རྒྱུ་མཚན་དེ་ཉིད་ཀྱིས་བརྗོད་ནས། རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ངུར་སྨྲིག་འཛིན་པའི་གར་གྱི་རྣམ་པར་རོལ་པའི་བཤེས་གཉེན་དམ་པ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཆུ་ཀླུང་མ་ལུས་པ་གཅིག་ཏུ་འདུས་པའི་སྤོས་ཀྱི་རྒྱ་མཚོ་ཆེན་པོ། རང་རང་གི་སྐལ་བ་དང་མཚམ་པའི་ཐེག་པ་གསུམ་གྱི་ཆར་ཟིམ་ཕྱོགས་བརྒྱར་འབབ་པའི་རྫོགས་ལྡན་གྱི་སྤྲིན་སྔོན་གསར་པ། མཐུ་སྟོབས་ནུས་པའི་སྤར་ཁྱིམ་རྣམ་པར་གཡོ་བས་བདུད་རིགས་གླང་པོའི་ཀླད་པ་འགེམས་པར་ནུས་པའི་སེང་གེ་རལ་པ་ཅན། མཁས་གྲུབ་ཀླུ་དབང་བྱེ་བས་ཡོངས་སུ་བསྟེན་ཞིང་བློ་གསལ་ངང་པ་འདུ་བའི་པད་རྫིང་ཆེན་པོ། སྙན་བརྒྱུད་ཟབ་མོའི་བཅུད་ལེན་སྐལ་བཟང་རྣ་བའི་དཔལ་དུ་སྟེར་བའི་འཆི་མེད་ཀྱི་རྔ་བོ་ཆེ། འཕགས་པའི་ནོར་བདུན་ལ་རང་དབང་དུ་སྤྱོད་ཅིང་བསྟན་འཛིན་ཡོངས་ཀྱི་ཁྲོད་ན་མཁས་པ་དང་གྲུབ་པའི་འཁོར་ལོས་སྒྱུར་བ། ལྷ་དང་བཅས་པའི་སྐྱེ་དགུ་ཐམས་ཅད་ཀྱི་རལ་པའི་ཅོད་པན་ལ་ཞབས་སེན་པདྨའི་ལན་ཚར་བཀོད་པའི་འགྲོ་བའི་མགོན་པོ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་ཆེས་ཆེར་གསལ་བ་འདི་ཉིད་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དཔལ་ཧེ་རུ་ཀ་ཉིད་དང་དབྱེར་མི་ཕྱེད་པར་བཞུགས་པས། དམ་པ་འདིའི་རྣམ་པར་ཐར་