R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༡༩
[A:༡༡༩]ཕྲག་དོག་དུག་ཆུས་ཀུན་ཏུ་མྱོས་ཀྱང་ངན་སྔགས་གཡོ་སྒྱུའི་ལས་ལ་བསྒྲིན། །ཚུལ་འཆོས་བྱི་དོར་ཁུར་དུ་ཁུར་ཀྱང་ལས་འབྲས་བླང་དོར་རྒྱང་དུ་བོར། །བསྟན་འཛིན་ཆེན་པོའི་གཟུགས་ཀྱིས་བགྱིང་ཡང་བསྟན་པ་རིན་ཆེན་དཀྲུག་ལ་བརྩོན། །དེ་ལྟའི་མ་རུངས་རྡོ་རྗེའི་སྣ་ལྡན་དེས། །རོང་སྟོན་ཆེན་པོའི་བསྟན་པའི་པད་ཚལ་བཅོམས། །བསྟན་འཛིན་བུང་བའི་ཚོགས་རྣམས་ཉམ་ཐག་པའི། །དར་དིར་སྨྲེ་སྔགས་ཕྱོགས་བརྒྱར་འབོད་པའི་ཚེ། །ཁྱོད་ཀྱི་མཐུ་སྟོབས་རྡོ་རྗེའི་མངའ་བོ་ཆེ། །སྐད་ཅིག་ཉིད་ལ་སྦྱོར་སྒྲོལ་ཅིག་ཅར་འགྲུབ། །འདི་ན་སྔོན་མེད་རྔོན་པ་ཤ་ཝ་རི། །དཔལ་གྱི་རི་ནས་དེ་རིང་ཁྱོད་འོངས་སམ། །ཡང་ན་སྒྱུ་མའི་སྤྲུལ་པའི་གདོང་ལྔ་པས། །མིག་འཕྲུལ་ལས་བྱུང་གླང་པོ་བསད་པ་ལྟར། །སྲོག་མཐར་བྱས་ཀྱང་སྡིག་གིས་མ་གོས་པའི། །གསང་ཆེན་དམ་པའི་སྒྱུ་འཕྲུལ་འདི་ངོ་མཚར། །ཀ་ཡེ་འདི་ན་དཔལ་ལྡན་ས་སྐྱ་པའི། །བསྟན་ལ་དད་པའི་སྐལ་བཟང་སྐྱེ་རྒུའི་ཚོགས། །མ་འཇིགས་ཁོ་བོས་བདེ་བར་དབུགས་དབྱུང་གིས། །གསང་ཆེན་བདུད་རྩིའི་དཔལ་ལ་ད་རོལ་ཅིག །དེ་སྐད་མཐོན་པོའི་གདངས་ཀྱིས་འདོམས་པའི་ཚེ། །ཀུན་ཀྱང་འཇིགས་བྲལ་བདེ་བའི་སྨན་ལྗོངས་ན། །འཇམ་དབྱངས་བླ་མའི་ཞལ་གྱི་འཛུམ་དཀར་ལ། །ལྟ་ཞིང་དགའ་བདེའི་དཔལ་གྱིས་སིམ་པར་བྱེད། །དེ་ཡི་གྲགས་པ་ཀུནྡ་ལྟར་དཀར་བ། །ཁོར་ཡུག་རི་བོའི་ཁྱོན་འདིར་མ་ཤོང་བར། །ལེགས་ལྡན་མཐོ་རིས་གནས་སུ་ཕྱིན་གྱུར་ཏེ། །འཆི་མེད་གཞོན་ནུ་ཀུན་ཀྱང་གཏམ་དུ་སྨྲ། །འདི་དང་མཚུངས་པའི་མཁས་གྲུབ་གཞན་ཡོད་ན། །འདི་ལྟའི་ངོ་མཚར་གཏམ་དུ་གླེང་བ་འོས། །འདི་ཡི་བ་སྤུའི་འགྲན་