[A:༡༢༠]ཟླར་མི་བཟོད་ཀྱང༌། །འདི་ཡིན་མེད་པ་ཁེངས་རྣམས་གཉིད་བྱོས་ཤིག །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཞེས་བྱ་བ་ལས་ཡུལ་དབུས་ཀྱི་སྨན་ལྗོངས་སུ་བྱོན་ནས་རོང་སྟོན་ཐམས་ཅད་མཁྱེན་པའི་བསྟན་པའི་སྲོག་ཤིང་བཟུང་བའི་སྐབས་ཏེ་དགུ་པའོ།། །།ཡོངས་རྫོགས་བསྟན་པའི་བདག་པོར་ཁྱོད་གྱུར་ནས། །ལེགས་སྦྱངས་མཁས་པའི་བྱ་བ་རྣམ་གསུམ་གྱིས། །དྲི་མེད་བསྟན་པའི་བྱི་དོར་ཉིན་མཚན་དུ། །ནམ་ཡང་གཡེལ་བ་མེད་ལ་ཕྱག་འཚལ་ལོ། །སླར་ཡང་བྱི་ལོ་ཟླ་བ་དྲུག་པའི་ནང་དུ། རྗེ་བཙུན་རྡོ་རིང་པ་ཆེན་པོས་གདན་འདྲེན་གྱི་དོ་དམ་མཛད། དྲོ་ས་དགོན་པ་ནས་སྟོད་ལུང་གི་ཕུ་སེར་སྡིངས་སུ་ཕྱག་ཕེབས། དེར་ཟླ་བ་གཅིག་བཞུགས། དགོན་པ་རྣམས་དང་ཁམས་རུ་མང་པོ་ཡོད་པ་རྣམས་ལའང་གསུང་ཆོས་ཀྱི་བཀའ་དྲིན་སྩལ། དེ་ནས་ཕེབས་ལམ་འོ་ཡུག་ལ་གནང༌། སྟག་གྲུ་ཁ་ནས་གཞུང་འགྲིམས་མཛད་ནས་སྐྱེད་ལྷས་སུ་ཕེབས། རེ་ཞིག་གི་བར་སྐུ་མཚམས་དམ་པར་ལ་བཞུགས། དེར་རྗེས་ས་སྐྱར་ཕེབས་ནས། གདན་ས་རྣམས་ལའང་སྐུ་སྐྱེས་ཀྱི་མང་ཇ་འགྱེད་བཅས་ཕུན་སུམ་ཚོགས་པ་གནང༌། སླར་ཡང་བག་ཡོད་ཅེས་བྱ་བ་ཆུ་མོ་གླང་གི་ལོ་ལ་སྐྱེད་ལྷས་སུ་སྐུ་མཚམས་དམ་པར་བཞུགས། ལོ་དེའི་མཇུག་ལ་ས་སྐྱ་བླ་བྲང་ཤར་དུ་ཕེབས་ཏེ་ཁམས་གཙང་གི་གྲྭ་པ་དོན་གཉེར་མང་དུ་ཚོགས་པ་རྣམས་ལ་གསུང་ངག་རིན་པོ་ཆེ་ལ་སོགས་པ་ཟབ་ཆོས་དུ་མ་གནང་ནས་ཚིམ་པར་མཛད། ཀུན་དགའ་ཞེས་བྱ་བ་ཤིང་ཕོ་སྟག་གི་ལོའི་ཟླ་བ་གཉིས་པ་ལ་དགེ་སྡིངས་ནས་རྗེ་བཙུན་གཅེན་སྐུ་ཁམས་མི་བདེ་བ་ལ་བརྟེན་ནས་གདན་འདྲེན་བྱུང་བས་ཕེབས། མཇལ་མ་ཐག་རྗེ་བཙུན་