R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༢༡
[A:༡༢༡]གཅེན་གྱི་ཞལ་ནས། དྲུང་པ་ཕེབས་པས་གོ་བཅད། དེ་ཁས་བློང་ཁ་རྫོགས་གསུང་པ་ལ་སོགས་དགྱེས་ཚོར་ཆེན་པོ་གནང༌། སྐུ་རིམ་གསོལ་སྨན་སོགས་ཀྱི་ཞབས་ཏོག་བསྒྲུབས། ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་རྗེ་བཙུན་དམ་པ་རྒྱ་དཀར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཉིད་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན། དེ་རྗེས་དགོངས་པ་རྫོགས་ཐབས་རྣམས་ཕྱག་རྫས་གང་ཡོད་ཀྱི་སྟེང་ནས་དགེ་སྡིངས་རང་དུ་རྒྱ་ཆེར་བསྒྲུབས། སླར་ཡང་གདན་སར་ཕེབས་ཏེ་རྗེ་ཉིད་ཀྱི་ཕྱག་རྫས་ཀྱི་སྟེང་ནས་རྗེ་བཙུན་གཅེན་གྱི་ཐུགས་དགོངས་རྫོགས་ཐབས་སུ་དྲིལ་ཐོག་དྲོ་བར་འགྱེད་བཅས་ལ་སོགས་པ་ཕུན་སུམ་ཚོགས་པ་བསྒྲུབས། ཡང་སྐྱེད་ལྷས་སུ་ཕེབས་ཏེ། སྐུ་མཚམས་དང་མགོན་པོ་ལ་མཆོད་གཏོར་འབུལ་བ་ལ་ཞག་འགའ་ཞིག་བར་ལ་བཞུགས་ཤིང༌། དེ་རྗེས་གཏིང་སྐྱེས་ནས་ཆོས་རྗེ་ཀུན་དགའ་རྒྱལ་མཚན་པས་གསོལ་བ་བཏབ་པའི་ངོར་ཟླ་བ་དྲུག་པའི་ཉེར་ལྔ་ལ་བཞི་ཐོག་ཏུ་ཕེབས། ཆོས་རྗེ་དཔོན་སློབ་ཉི་ཤུ་རྩ་ལྔ་ལ་གསུང་ངག་རིན་པོ་ཆེ་ལམ་ཡོངས་སུ་རྫོགས་པར་གནང༌། མདོར་ན་རྗེ་བཙུན་དམ་པ་འདིས་དང་པོར་སྤ་ཀོང་དགོན་པར་གསུང་ངག་རིན་པོ་ཆེ་གནང་བ་ནས་བཟུང་སྟེ། ཐ་མ་འདི་ཡན་ལ་གསུང་ངག་རིན་པོ་ཆེ་ཚར་ཉི་ཤུ་རྩ་གྲངས་པ་དང༌། གཞན་ཡང་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་གནང་བས་འགྲོ་བ་མང་པོ་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ལ། དེ་དག་ཀྱང༌། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །