R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༢༢
[A:༡༢༢]ཅེས་གསུངས་པ་ལྟར། །གང་དང་གང་གནང་བའི་ཆོས་དེ་དག་ལ་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་ལེགས་པར་ཆོད་ཅིང་བསྒོམས་པས། ཉམས་སུ་མྱོང་བའི་སྒོ་ནས་གནང་བ་ཡིན་ལ། འཆད་ཚུལ་ཡང༌། བློ་ཆེན་རྣམ་ལ་ཟབ་རྒྱ་ཆེ། །བློ་ཆུང་བཟུང་བདེ་གོ་སླ་བ། །དེ་ལས་ཟློག་ན་མཁས་རྨོངས་ཀྱི། །སློབ་མ་དགའ་བ་བསྐྱེད་མི་ནུས། །ཞེས་གསུངས་པ་ལྟར། སློབ་མའི་བློ་གྲོས་ཀྱི་རིམ་པ་དང་བསྟུན་ཏེ། ཡིད་ཡུལ་དུ་ཤིན་ཏུ་འབབ་ཅིང་སེམས་འཕྲོག་པ་ཞིག་འོང་བར་ཐོས་གནང་བའི་ཀུན་སློང་ཀྱང༌། ཆོས་སྦྱིན་ཉོན་མོངས་ཅན་མིན་པ། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཅེས་དང༌། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་ལྟར། ཆགས་སྡང་དང་འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་ནས་བླངས་པའི་རྟོགས་པ་ཐམས་ཅད་རིང་དུ་སྤངས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ལ་དགོངས་ནས་སྐྱོ་ངལ་མེད་པར་གནང་བར་མཛད་པ་ཡིན་ནོ། །དེ་ལྟར་འཆད་པའི་སྒོ་ནས་རྗེས་སུ་བཟུང་ཞིང་བཀའ་དྲིན་ཐོབ་པའི་ཞལ་སློབ་ཀྱང༌། ས་ཆེན་པོའི་རྡུལ་ཙམ་གྱི་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ནི་ཞིབ་ཏུ་བགྲང་བར་ག་ལ་ནུས། རགས་པ་ཙམ་དཔེར་མཚོན་ན་ཕན་ཚུན་བཀའ་དྲིན་རྗེས་སུ་ནོས་པའི་དམ་པ་བཞི་ནི། རྗེ་སེམས་དཔའ་ཆེན་པོའི་སྙན་བརྒྱུད་འཛིན་པའི་སྲས་ཀྱི་ཐུ་བོ་ཆོས་རྗེ་སངས་རྒྱས་དཔལ་བཟང་པ། རྗེ་དེ་ཉིད་ཀྱི་སྐུའི་དབོན་པོ་གྲུབ་པ་མཆོག་གི་དབང་ཕྱུག་དཀོན་མཆོག་བློ་གྲོས་པ། གསང་ཆེན་ཟབ་མོའི་གཏེར་མཛོད་ཆོས་རྗེ་བློ་གྲོས་རིན་ཆེན་པ། རྒྱལ་བའི་གསུང་རབ་རབ་འབྱམས་ལ་མཁས་པའི་པཎྜི་ཏ་དཔལ་ལྡན་རྒྱལ་