[A:༡༢༣]པོ་རྣམས་སོ། །འཛམ་གླིང་ཡོངས་སུ་གྲགས་པའི་མཁས་མཆོག་ཆེན་པོ་ལྔ་ནི། རིག་གནས་ཆེན་པོ་ལྔ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་མ་ཧཱ་པཎྜི་ཏ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས། མདོ་སྔགས་བསྟན་པའི་མངའ་བདག་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ །བདེ་བར་གཤེགས་པའི་གཞུང་ལུགས་རབ་འབྱམས་ཀྱིས་མགྲིན་པར་བརྒྱན་པའི་འཇིག་རྟེན་ཀུན་གྱི་མིག་ཏུ་གྱུར་པ་མི་ཉག་གི་པཎྜི་ཏ་གྲགས་པ་རྡོ་རྗེ། སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་སྨྲ་བ་པོ་གཞན་གྱིས་འགྲན་པར་མི་ནུས་པའི་མཁས་པ་ཆེན་པོ་གཞུ་པ་བསོད་ནམས་རིན་ཆེན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཁྱེན་བརྩེའི་ཟེར་གྱིས་བློ་གྲོས་ཀྱི་པདྨ་ཁ་བྱེ་བས་གཞུང་ལུགས་མཐའ་དག་རང་སྟོབས་ཀྱི་ཚུལ་བཞིན་དུ་འགྲེལ་བར་ནུས་པའི་རྩི་ཐང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ་རྣམས་སོ། །གངས་ཅན་ཆེན་པོར་གྲགས་པའི་སྐྱེས་བུ་གཉིས་ནི། ས་སྐྱ་འཁོན་གྱི་གདུང་བརྒྱུད་བདག་ཆེན་བསོད་ནམས་རྒྱལ་མཚན། ཤར་པ་འཇམ་དབྱངས་ཆེན་པོའི་གདུང་བརྒྱུད་བདག་ཆེན་སློབ་དཔོན་ཆེན་པོ་ཀུན་དགའ་བཀྲ་ཤིས་སོ། །གསུང་གི་གསང་བ་འཛིན་པའི་དམ་པ་བརྒྱད་ནི། །ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་གྱི་མཁན་པོ་བདེ་བའི་འབྱུང་གནས། དེའི་ཟུར་ཆོས་པ་རྐྱང་འདུར་ཆོས་རྗེ། རྣལ་འབྱོར་གྱི་དབང་ཕྱུག་དཀོན་མཆོག་དཔལ་བ། མཁས་པའི་དབང་པོ་བསོད་ནམས་བློ་གྲོས་པ། །མཁས་མཆོག་རབ་འབྱམས་དབང་པོ་དཀོན་མཆོག་ཚུལ་ཁྲིམས་པ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆོས་རྗེ་ཆོས་སྐྱོང་རྒྱལ་མཚན་པ། ཟབ་མོའི་བཀའ་