R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༢༤
[A:༡༢༤]དྲིན་མང་དུ་ཐོས་པའི་ཡང་དགོན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་པ། སྙན་བརྒྱུད་ཟབ་མོའི་གཏེར་མཛོད་སྒོ་རུམ་པ་རྗེ་བཙུན་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། ཐུབ་བསྟན་གསེར་མདོག་ཅན་གྱི་གདན་ས་པ་ཆོས་རྗེ་རིན་ཆེན་ཀུན་དགའ་རྒྱལ་མཚན་པ་རྣམས་སོ། །ཡོངས་རྫོགས་སྙན་བརྒྱུད་ཟབ་མོའི་འགྲན་ཟླ་ཀུན་དང་བྲལ་བའི་ཐུགས་སྲས་མཆོག་ཏུ་གྱུར་པ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་སོ། །གཞན་ཡང་གསུང་ཆོས་ཀྱི་འབྲེལ་པ་ཐོབ་པ་ནི། དཔལ་ལྡན་ས་སྐྱའི་ཕྱོགས་སུ་ཆོས་རྗེ་མགོན་པོ་དབང་ཕྱུག་པ་དང༌། ཆོས་རྗེ་རྡོ་རྗེ་སེང་གེ་ལ་སོགས་པ་དུ་མ་དང༌། འབྲིང་མཚམས་ཕྱོགས་སུ་གཏིང་སྐྱེས་པ་ཆེན་པོ་བྲག་དཀར་བ་སོགས་དུ་མ་ཉང་སྨད་བསམ་གྲུབ་རྩེ་ཕྱོགས་སུ། བྲག་དམར་རབ་འབྱམས་པ་ཀུན་དགའ་ཚེ་འཕེལ་ལ་སོགས་པ། ཤར་ཕྱོགས་སུ་མཐུ་སྟོབས་ཀྱི་དབང་ཕྱུག་ཆོས་རྗེ་དབུ་ལེགས་པ་ལ་སོགས་པ། དབུས་ཕྱོགས་སྐྱིད་ཤོད་དུ་ལུམ་པ་ཆོས་མཛད་ཀུན་དགའ་རྒྱལ་མཚན་པ་ལ་སོགས་པ། འཕན་ཡུལ་ཕྱོགས་སུ་ཚེས་བརྒྱད་དཀའ་བཅུ་པ་བསོད་ནམས་རིན་ཆེན་ལ་སོགས་པ་དུ་མ། ཁམས་ཕྱོགས་སུ་ཆོས་གླིང་དྲུང་པ་ལྷུན་གྲུབ་རྒྱལ་མཚན། ཨ་གྲོ་དྲུང་པ་བཀྲ་ཤིས་རྒྱལ་མཚན་པ་རྣམས་སོ། །གཞན་ཡང་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ལ་སོགས་པའི་རིག་གནས་ལ་མཁས་པ་མང་པོ། གྲུབ་ཆེན་སངས་རྒྱས་དཔལ་བ་ལ་སོགས་པ་ཀུ་སཱ་ལིའི་རྣལ་འབྱོར་པ་བགྲང་ཡས་བྱུང་ངོ༌།