R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༢༥
[A:༡༢༥] བསྟན་པ་སྟོབས་ཀྱིས་ཟིན་པའི་སྦྱིན་བདག་ཀྱང༌། མཐུ་སྟོབས་དབང་ཕྱུག་རྒ་ཨ་གཉན་དམ་པའི་རིགས་སུ་འཁྲུངས་པ་བདག་ཆེན་བཀྲ་ཤིས་རབ་བརྟན་དཔལ་བཟང་པོ་ཡབ་སྲས་གསུམ། རིགས་ལྡན་པད་མ་དཀར་པོའི་རྣམ་འཕྲུལ་བདག་ཆེན་རྣམ་རྒྱལ་གྲགས་པ་བཟང་པོ་ཡབ་སྲས། ལྷོ་པ་དཔུང་དམར་ཅན་གྱི་གདུང་བརྒྱུད་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་སྐུ་མཆེད། དཔལ་ལྡན་ས་སྐྱའི་ནང་ཆེན་བི་མཱ་ལ་དཀར་པོའི་རིགས་བརྒྱུད་མི་བསྐྱོད་རྣམ་རྒྱལ་བ་ཡབ་སྲས། ཁྲི་སྐོར་བཅུ་གསུམ་ལ་དབང་བསྒྱུར་བའི་དཔོན་ཆེན་ཨག་གླེན་གྱི་བརྒྱུད་པ་རྡོ་རྗེ་ཚེ་བརྟན་པ་ཡབ་སྲས། །བསྟན་པ་ལ་མི་ཕྱེད་པའི་དད་པ་ཅན་ཆོས་སྐྱོང་རྒྱལ་པོ་ཡབ་སྲས། ཤང་ཁ་བའི་གདུང་བརྒྱུད་ཐུགས་རྗེ་རྒྱལ་མཚན་པ་ཁུ་དཔོན། འ་ཞྭ་རྒྱལ་བརྒྱུད་རྩིས་གནས་གསར་བ་ཆོས་རྒྱལ་བ་མེས་དབོན། རྒྱ་མ་ཁྲི་དཔོན་གྱི་བརྒྱུད་པ་ནམ་མཁའ་ཚེ་བརྟན་པ་སྐུ་མཆེད་གཉིས་དང༌། རྒྱལ་ཆེན་རྩེ་བ་ལྷ་རྒྱལ་དོན་གྲུབ་པ་ཡབ་སྲས་ཆེན་པོར་རློམ་པ་དུ་མས་ཞབས་ཀྱི་པདྨ་ལ་གུས་པས་འདུད་ཅིང༌། སྐལ་བར་འཚམས་པའི་བཀའ་དྲིན་ནོས་པར་བྱས་པ་ཡིན་ནོ། །རྩོད་པའི་སྒོ་ནས་བསྟན་པ་གསལ་བར་མཛད་པའི་ཚུལ་ནི། སྤྱིར་རྩོད་པ་ཞེས་བྱ་བ་ཚད་མར་གྱུར་པའི་གཞུང་ལུགས་རྣམ་པར་དག་པ་དཔང་དུ་བཙུགས་ཏེ། ལུང་དང་རིགས་པའི་སྒོ་ནས་རང་གི་འདོད་པ་བསྒྲུབ་ཅིང༌། ཕྱོགས་སྔ་མ་སུན་འབྱིན་པར་བྱེད་པ་ཡིན་ལ། དེ་ཡང་རྗེ་བཙུན་དམ་པ་འདིས། རྡོ་རྗེ་ཐེག་པའི་གཞུང་ལུགས་ལས་བརྩམས་ཏེ་ཕྱོགས་སྔ་མ་དབུགས་དབྱུང་བའི་ཚུལ་ཅུང་ཟད་བསྙད་ན་