[A:༡༢༦]གསུང་ངག་ལམ་འབྲས་ལ་འདྲིས་པ་ཁ་ཅིག་གིས། སྣང་བ་གསུམ་གྱི་ཁྲིད་ཀྱི་སྔོན་དུ་རྒྱུ་དུས་ཀྱི་དབང་འགྲོ་དགོས་པར་རྣལ་འབྱོར་གྱི་དབང་ཕྱུག་བརྒྱུད་པ་དང་བཅས་པའི་དགོངས་པ་མཐའ་གཅིག་ཏུ་ངེས་པ་ཡིན་ནོ་ཞེས་འཆད་པ་ལ། རྗེ་ཉིད་ཀྱིས་འོ་ན། ཕ་རོལ་ཕྱིན་པའི་གཞུང་ལུགས་མདོར་བསྡུ་ན། སྙིང་པོ་དོན་གྱི་མན་ངག་འདི་དག་ཡིན། །དེ་ཙམ་གྱིས་ནི་བློ་གྲོས་མ་ཁེངས་པའི། །བློ་ཆེན་སྦྱངས་པ་ཟབ་མོ་དག་ལ་མོས། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་འདོད་ན། །དེ་ལ་རྡོ་རྗེ་ཐེག་པ་སྦྱིན་པར་བྱ། །བླ་མ་བརྒྱུད་པ་དང་ལྡན་རྒྱུད་དོན་རིག །དམ་ཚིག་མཆོག་བསྲུངས་མན་ངག་དུ་མས་བརྒྱན། །སྙིང་རྗེས་རྒྱུད་བརླན་བསྟན་བཅོས་དུ་མ་ཤེས། །དེ་ཡི་ཞབས་བསྟེན་གསོལ་བ་ལན་མང་བཏབ། །དེ་ཡི་ནང་ནས་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ལ་དབང་བཞི་པོ་རྣམས་རྫོགས་པར་བླངས། །ཞེས་གསུངས་པ་འདི་ཇི་ལྟར་དྲང༌། ཞེས་གསུངས་པ་ན། དེ་ན་རེ་དེ་ནི་གསུང་ངག་རིན་པོ་ཆེའི་ཁྲིད་ཀྱི་རིམ་པ་མ་ཡིན་ནོ། །ཞེས་ཟེར་བ་ན། འོ་ན་གང་གི་ཁྲིད་ཡིན་གསུངས་པས། །ལན་མེད་ཅིང་མི་སྨྲ་བའི་བརྟུལ་ཞུགས་ལ་འགོད་པར་མཛད་དོ། །ཡང་མཁས་པ་ཆེན་པོ་ཁ་ཅིག་གིས། མངོན་པར་རྟོགས་པ་ཚུལ་བཅོ་ལྔ་པ་ངོས་འཛིན་པའི་སྐབས་སུ། བདག་མེད་རྣལ་འབྱོར་ལྡན་པའམ། །ཞེས་སོགས་ཀྱི་ལུང་འགའ་ཞིག་ལ་བརྟེན་ནས། ལེའུ་བརྒྱད་པ་ནས་གསུངས་པའི་རྗེ་བཙུན་ཡུམ་གྱི་མངོན་པར་རྟོགས་པ་དེ་ཡིན་པར་བཞེད་པ་ལ། རྗེ་ཉིད་ཀྱིས་ཡབ་ཀྱི་མངོན་པར་རྟོགས་པ་འདྲེན་པའི་སྐབས་སུ། ཡུམ་གྱི་མངོན་པར་རྟོགས་པ་ངོས་