R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༢༧
[A:༡༢༧]འཛིན་པ་ནི་འབྲེལ་མེད་པ་ཡིན་ལ། ཡབ་ཀྱི་སྐབས་ཡིན་པར་ཡང༌། ཕྱི་མའི་ལེའུ་ལྔ་པར། བདག་གི་དཀྱིལ་འཁོར་ཁྱོད་བཤད་ན། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་ཡབ་ཀྱི་མངོན་པར་རྟོགས་པ་དྲིས་པའི་ལན་གྱི་སྐབས་སུ། དག་ལྡན་ལས། མངོན་པར་རྟོགས་པ་བཅོ་ལྔ་པོ་འབྲེལ་ཆགས་སུ་དཀྱུས་གཅིག་ལ་བགྲང་ཞིང་འདི་ལ་དགོངས་ནས། གླེགས་བམ་གྱི་ཡིག་ཆུང་ཞིབ་པར་རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ཞེས་དང༌། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་ཀྱང༌། གནད་ཀྱི་ཟླ་ཟེར་དུ་འདི་ཁོ་ན་ལྟར་བཤད་བཞིན་དུ། ཡོད་པའི་སྒོ་བོར་ནས་མེད་པའི་སྲང་འཆམ་པ་ལ་དགོས་པ་ཅི་ཞིག་ཡོད་ཅེས་གསུངས་པ་དང༌། ཡང་མཁས་པ་ཁ་ཅིག་གིས། ཐུགས་བསམ་ལེགས་པར་བཏང་བའི་གྲུབ་མཐའ་གསར་པ་འབུར་དོད་ཀྱི་ལུགས་སུ་བྱས་པའི་སྔགས་སྡོམ་ཐོབ་མཚམས་ལ་ཀྱེ་རྡོར་ལྟ་བུ་ལ་མཚོན་ན། བུམ་དབང་རྫོགས་པར་ཐོབ་པ་ཙམ་གྱིས་སྔགས་སྡོམ་རྫོགས་པར་ཐོབ་པ་མ་ཡིན་ཏེ། དབང་གོང་མ་གསུམ་གྱི་གནས་སྐབས་སུ་ཡང༌། རང་རང་གི་ངོ་སྐལ་གྱི་སྔགས་སྡོམ་གསར་ཐོབ་རེ་ཡོད་ཅིང༌། དབང་བཞི་རྫོགས་པ་ན། བསྐྱེད་རྫོགས་ཀྱི་སྡོམ་པ་གཉིས་ཀྱང་རྫོགས་པར་ཐོབ་པ་ཡིན་ནོ། །ཞེས་བཞེད་པ་ལ། བདག་ཉིད་ཆེན་པོ་འདིས་འོ་ན། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་སྐབས་སུའང་སྔགས་སྡོམ་གསར་ཐོབ་ཅིག་ཡོད་པར་འགྱུར་ཏེ། དབང་གོང་མ་གསུམ་ལ་བརྟེན་ནས་སྔགས་སྡོམ་གསར་ཐོབ་ཅིག་ཡོད་པ་གང་ཞིག །དེ་གཉིས་མཚུངས་པར་རྗེ་བཙུན་རིན་པོ་ཆེས་རྩ་ལྟུང་འཁྲུལ་སྤོང་དུ་གསལ་བར་གསུངས་པའི་ཕྱིར་འདོད་མི་ནུས་ཏེ། དེ་