[A:༡༢༨]ཉིད་ལས། དེ་ལ་དམ་ཚིག་དང་སྡོམ་པ་གང་ཡང་མེད་པར་བཤད་པའི་ཕྱིར། གཞན་ཡང༌། དབང་གོང་མ་ལ་ལྟོས་པའི་རྩ་བའི་ལྟུང་བ་ཞིག་ཀྱང་ཡོད་པར་འགྱུར་ཞིང༌། དབང་གོང་མའི་སྐབས་སུ་སྡོམ་པ་གོང་འཕེལ་དུ་འགྱུར་བ་ཙམ་ལ་བསམས་ནས་སྔགས་སྡོམ་གསར་ཐོབ་ཡོད་པར་ཁས་ལེན་ན་ནི་ཀྱེ་རྡོ་རྗེའི་དབང་བཞི་རྫོགས་པར་འཐོབ་པའི་གང་ཟག་གིས། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བཞི་ཐོབ་པའི་ཚེ་སྔགས་སྡོམ་གསར་ཐོབ་ཡོད་པར་འགྱུར་ཞིང༌། དེ་ལྟར་ན་སངས་མ་རྒྱས་ཀྱི་བར་དུ་སྔགས་སྡོམ་རྫོགས་པར་ཐོབ་པའི་དུས་མེད་པར་འགྱུར་བས་ཧ་ཅང་མཁས་དྲགས་པའི་སྐྱོན་དུ་འགྱུར་རོ། །བདེ་མཆོག་སྡོམ་འབྱུང་གི་རྒྱུད་དང༌། སམ་བྷུ་ཊའི་འགྲེལ་པ་གནད་ཀྱི་གསལ་བྱེད་དུ་གསུངས་པའི་བསྐྱེད་རིམ་དང༌། རྫོགས་རིམ་གྱི་སྡོམ་པ་ཞེས་བྱ་བ་ཡང་དབང་དུས་སུ་ཐོབ་པའི་སྔགས་སྡོམ་ལ་དེ་ལྟར་ཐ་སྙད་བཏགས་པ་མ་ཡིན། དབང་བསྐུར་བ་སྔོན་དུ་སོང་ནས་ལམ་ཉམས་སུ་ལེན་པའི་སྐབས་ཀྱི་ཉམས་ལེན་ལ། བསྐྱེད་རྫོགས་ཀྱི་སྡོམ་པའི་ཐ་སྙད་བཏགས་པ་ཡིན་པས། སྡོམ་པ་ཞེས་བྱ་བའི་ཚིག་ཙམ་ལ་འཁྲུལ་པར་མི་བྱའོ། །ཞེས་སོགས་ཚད་ལྡན་གྱི་ལུང་རིགས་དུ་མའི་སྒོ་ནས་སུན་དབྱུང་བ་ན། ལན་མེད་དུ་མི་བཞུགས་ཀ་མེད་དུ་འགྱུར་རོ། །ཡང་མཁས་པ་ཁ་ཅིག་གིས་ལམ་འབྲས་ཀྱི་སྦྱང་གཞི་ངོས་འཛིན་པའི་སྐབས་སུ། རྒྱུ་རྒྱུད་ཀྱི་དེ་ཁོ་ན་ཉིད་ཀྱི་སྦྱང་གཞིར་རིགས་ཀྱི། གཞན་འདུས་བྱས་ཀྱི་ཆོས་སྦྱང་གཞིར་མི་རིགས་ཀྱི། དོན་དམ་པ་མེད་པའི་ཕྱིར་ཏེ། ཞེས་བཞེད་པ་ལ། རྗེ་ཉིད་ཀྱིས་སྦྱང་གཞི་རྒྱུ་རྒྱུད་རྟེན་གྱི་དཀྱིལ་འཁོར་བཞི་ལ།