[A:༡༢༩] སྨིན་བྱེད་དབང་བཞི་བསྐུར་ཏེ། གྲོལ་བྱེད་ཀྱི་ལམ་བཞི་སྒོམ་པ་ལས། ལྟ་བ་བཞི་ཉམས་སུ་མྱོང་སྟེ། གྲུབ་མཐའ་རྙོག་པར་གྱུར་པ་ཡིན་ལ། གལ་ཏེ་མ་རྙོགས་ནའང་འདའ་ཀ་མ་བཞི་ལ་བརྟེན་ནས་འབྲས་བུ་བཞི་མངོན་དུ་འགྱུར་ལ། དབང་པོ་ཐ་མས་ཀྱང་བར་དོ་བཞི་ཉམས་སུ་བླང་བ་ལ་བརྟེན་ནས་འགྲོས་བཞི་ཐིམ་སྟེ། སྐུ་བཞི་མངོན་དུ་འགྱུར་བའི་གསང་ཆེན་འདི་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་ན། བཞི་ཞེས་པའི་ཚིག་ཙམ་ལ་འཁྲུལ་པའི་རྒྱུས་མེད་ཀྱི་རྒྱུས་གཏམ་སྨྲས་པ་ལ་དོགས་པ་ཅི་ཞིག་ཡོད་ཅེས་སོགས་ལན་གྱིས་ལྡོག་པར་མི་ནུས་པའི་ལུང་རིགས་ཀྱི་སྒོ་ནས་བསྟན་པའི་སྙིང་པོ་ཆེས་ཆེར་གསལ་བར་མཛད་པ་ཡིན་ནོ། །རྩོམ་པའི་སྒོ་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ནི། སྤྱིར་རྩོམ་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་དང༌། རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་བརྗོད་པ་དང༌། བདེ་བར་གཤེགས་པའི་གཞུང་ལུགས་དྲི་མ་མེད་པའི་དགོངས་འགྲེལ་དང་བཅས་པ་བརྗོད་བྱའི་ཡུལ་དུ་བྱས་ཏེ། འཕགས་ཡུལ་གྱི་མཁས་པ་རྣམས་ཀྱིས་བཤད་པ་ལྟར། སྡེབ་སྦྱོར་གྱི་གཙུག་ལག་དང་མཐུན་པར་རྩོམ་ཤེས་ན། རྩོམ་པ་ཁོ་ན་ལ་བརྟེན་ནས་ལྷག་པའི་ལྷའི་ཞལ་མཐོང་བ་དང༌། ཆོས་རྣམས་ཀྱི་གནས་ལུགས་མཐོང་བའི་ཤེས་རབ་སྐྱེ་བ་སོགས་འབྱུང་ལ། དེ་དང་མཐུན་པར་བདག་ཉིད་ཆེན་པོ་འདིས་མཛད་པའི་གསུང་རྩོམ་རྣམས་ཀྱང༌། དཔལ་ལྡན་ས་སྐྱ་པཎྜི་ཏའི་སྡེབ་སྦྱོར་སྙན་ངག་མེ་ཏོག་གི་ཆུན་པོར། རང་གི་བརྗོད་པར་བདེ་ཞིང་གཞན་གྱིས་རྟོགས་པར་