[A:༡༣༡]སྐོར་གྱི་དཀར་ཆག །མན་ངག་གི་ཁོག་བྲིས། ནག་པོ་ཆེན་པོའི་ཐུན་མོང་མ་ཡིན་པ་གསང་བ་ཡིད་བཞིན་གྱི་ནོར་བུ། གསང་བ་ཡང་ཐིག་སེམས་ཀྱི་གནད་ལྔ་ལ་བརྟེན་པ་སོགས་འཁུ་ལྡོག་སྤོང་བའི་ཡི་གེ །སྒྲུབས་ཀྱང་རྟགས་མེད་ན་སྤོགས་ཆོག་རྣམ་པ་གཉིས་ཀྱི་ཡི་གེ །རིག་སྔགས་གོ་ལྡོག་པའི་མན་ངག་སྙིང་ཐིག་མ། ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་མན་ངག །གསང་སྒྲུབ་ཀྱི་ཤིན་ཏུ་གཅེས་པའི་ཡི་གེ །རྗེ་ཉིད་ཀྱིས་བསྒྲིགས་པའི་གཏོར་བསྐང༌། མགོན་པོའི་བཟློག་མདོས་ཀྱི་ཡི་གེ་ཤིན་ཏུ་གསལ་བ། དཔལ་ལྡན་ལྷ་མོའི་བསྐང་གསོ་རྒྱས་པ། མགོན་པོའི་གཏོར་ཆེན་གྱི་ཡི་གེ །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་བའི་ཡི་གེ །གཞན་ཡང་མགོན་པོ་ཆེ་ཆུང་ལ་བརྟེན་པའི་མཆོད་གཏོར་འབུལ་ཚུལ། བཀྲ་ཤིས་སོགས་ཀྱི་ཡི་གེ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ཅིང༌། འདི་དག་ཀྱང་དཔྱོད་ལྡན་མཁས་པས་ལེགས་པར་བརྟགས་ན། དེང་སང་གི་ཡི་གེ་གཞན་ཕལ་ཆེར་དང་མི་འདྲ་བའི་དོན་གྱི་སྙིང་པོ་མེད་དུ་མི་རུང་བ་རྣམས་ཤིན་ཏུ་གསལ་བར་བྱེད་པ་ཁོ་ན་ཡོད་པས་འདི་ལྟ་བུའི་སྒོ་ནས་གསང་ཆེན་ཟབ་མོའི་བསྟན་པ་གསལ་བར་མཛད་པ་ནི་ཆེས་ཆེར་ངོ་མཚར་བའི་རྣམ་ཐར་དུ་སྣང་ངོ༌། །ཡོངས་རྫོགས་བསྟན་པའི་ཉིན་བྱེད་དབང་པོ་དེ། །བརྩེ་ཆེན་རྟ་ལྗང་ཤིང་རྟས་ལེགས་དྲངས་ནས། །ཐོས་བསམ་སྒོམ་པའི་གཉའ་ཤིང་འཛིན་རིའི་སྤོར། །ལེགས་བཤད་འོད་སྟོང་དྲ་བ་ཅི་ཡང་འགྱེད། །དེ་ཚེ་ཐུབ་བསྟན་པདྨོའི་དགའ་ཚལ་ནི། །མཁས་གྲུབ་འདབ་བརྒྱའི་ཕྲེང་བས་ཡོངས་གང་ཞིང་། །ལུང་རིགས་ཟེའུ་འབྲུ་དཀར་པོའི་འཛུམ་འཕྲེང་གིས། །