[A:༢༣༧] འཇམ་དབྱངས་ཀུན་དགའ་མཆོག་(ཆོས་) བཟང་ནི། ཆུ་མོ་གླང་དེ་ཉིད་ལ་གློ་བོ་འབྲོག་གསེབ་ཏུ་བྱོན། བཅུ་པ་ལ་བྲག་དཀར་གྲགས་རྒྱལ་བ་ལ་དགེ་བསྙེན་གྱི་སྡོམ་པ་ནོད། བཅོབ་བརྒྱད་པ་ལ་གློ་བོ་བདག་པོས་ས་སྐྱར་གྲྭ་བསྐོར་དང་དབུས་གཙང་དུ་སློབ་གཉེར་བ་བརྒྱ་ཕྲག་གསུམ་ཙམ་རྫོང་བརྡ་གནང་བའི་སྐབས་སུ། དཔལ་ལྡན་ས་སྐྱར་བློ་གྲོས་གཞོན་ནུའི་བཤད་གསར་དང་། ངོར་དུ་རྗེ་བཙུན་རྡོ་རྗེ་འཆང་དང་མཇལ། བཅུ་དགུ་པ་ལ་ཨེ་ཝཾ་ཆོས་ལྡན་དེ་ཉིད་དུ། རྡོ་རྗེ་འཆང་གིས་མཁན་པོ། བྲག་དཀར་སེམས་དཔའ་ཆེན་པོ་ཁ་ཆར་བ་ཞེས་གྲགས་པས་སློབ་དཔོན། གཅུང་གཞོན་ནུ་སེང་གེས་དུས་གོ་བ་མཛད་དེ་རབ་ཏུ་བྱུང་། བཅུ་དགུ་པ་ལུག་གི་ལོ་ལ་སྟོན་ཆོས་གྲྭ་ཆེན་པོ་འབྲས་ཡུལ་དུ་ཕེབས། བྱམས་ཆེན་རབ་འབྱམས་པ་དང་མཇལ། ཉིན་ཀྱི་ཉི་ཤུར་སོན་ཞིང་། རྗེ་བྱམས་ཆེན་ཆོས་རྗེའི་ཞེ་གཉིས་པ་སྐྱེད་ཚལ་ཐེབས་ནས་ལོ་བཞིར་སླེབ་པའི་ལྕགས་ཕོ་སྤྲེལ་ལོ་ནས་བྱམས་ཆེན་རབ་འབྱམས་པ་ལུས་དང་གྲིབ་མ་ལྟར་བསྟེན་ཅིང་། གསུང་གི་བདུད་རྩི་མདོ་སྔགས་ཀྱི་ཟབ་བཅུད་ལ་ཚིབས་པར་རོལ། སུམ་ཅུ་པ་ལ་བྱམས་ཆེན་རབ་འབྱམས་ཆོས་རྗེ་དང་། གོ་རམས་ཆོས་རྗེ་མཁན་སློབ་ལས་བསྙེན་པར་རྫོགས། སོ་བཞི་པ་ཁྱི་ལོ་ནས། པཎ་ཆེན་འབུམ་པ་གཉིས་ཀྱི་ཟུར་འཆད་མཛད། རྒྱལ་བའི་བསྟན་པ་ཕན་ཚུན་འགྲན་པ་བཞིན་དུ་རྒྱས་པར་མཛད། ཉིད་ཀྱི་ང་གསུམ་པ་ཤིང་མོ་སྦྲུལ་ལོ་བྱམས་ཆེན་རབ་འབྱམས་པ་དག་པའི་ཞིང་དུ་གཤེགས། ལྔ་བཅུ་རྩ་བཞི་པ་མེ་ཕོ་རྟ་ལོ་ནས་སྐྱེད་མོས་ཚལ་གྱི་གདན་སེང་གེའི་ཁྲི་ལ་ཞབས་སེན་བཀོད་བའི་སྒོ་ནས་དོན་གཅིག་བཞེས་ཀྱི་བར་དུ་མདོ་སྔགས་ཀྱི་བསྟན་པ་བསྐྱངས། དོན་གཅིག་པ་ཆུ་མོ་ཕག་གི་ཟླ་བ་བཅུ་པའི་ཚེས་བཅུ་གཅིག་ལ་ཞི་བར་གཤེགས།