R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༠༨
[A:༣༠༨]ཏེ། འདིས་ཀྱང་དབུས་སུ་རིག་གནས་ཀྱི་བསྟན་པ་ཆེར་དར་བར་མཛད་དོ། །ལོ་ཙཱ་བ་ཐམས་ཅད་གསུམ་ནི་ཨེའི་ལོ་ཙཱ་བ་ཆེན་པོ་བསོད་ནམས་བཟང་པོ། ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ལོ་ཙཱ་བ་ཐུགས་རྗེ་དཔལ་ལོ། ། ཡང་ཚོ་ཙཱ་བ་ནམ་མཁའ་བཟང་པོ་དང་། ལོ་ཙཱ་བ་ཤེས་རབ་དཔལ་གཉིས་ཀྱི་ཐུགས་ཀྱི་སྲས་དམ་པ་ནི། ཤབ་སྨད་ལོ་ཙཱ་བ་ཐུགས་རྗེ་དཔལ་ཏེ། འདི་ནི་རིག་གནས་ལ་ཤིན་ཏུ་མཁས་པ་ཙནྡྲ་པའི་འགྲེལ་པ་དྷརྨ་དཱ་ས་རྫོགས་པར་བསྒྱུར། ཀ་ཙན་གཉིས་ལ་འགྲེལ་པ་ཤིན་ཏུ་རྒྱས་ཤིང་མཐའ་ཡོད་པ་བཞུགས་ཚོགས་ཆེན་པོ་རེ་མཛད་ཅིང་། ཐ་སྙད་རིག་གནས་ཀྱི་བཤད་རྒྱུན་རྒྱས་པར་སྤེལ་བ་ལས། སློབ་མའི་མཆོག་གཙང་དུ་ཆོས་འཁོར་སྒང་པ་ཤེས་རབ་རིན་ཆེན། ཞ་ལུ་པ་གཞུང་བརྒྱ་སྨྲ་བ་བཀྲ་ཤིས་རྒྱ་མཚོ། གནས་བརྟན་ལེགས་པ་རྒྱལ་པོ། སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི། བོ་དོང་ཤེས་རབ་བཟང་པོ། ཆོས་འཁོར་ལོ་ཙཱ་བ་མཉྫུ་ཤྲཱི། ཉིད་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་པ་གྲགས་པའི་མཚན་ཅན། དབུས་སུ་རོང་སྟོན་ཐམས་ཅད་མཁྱེན་པ། རྗེ་བྱམས་པ་གླིང་པ་ལ་སོགས་པའི་མཁས་པ་དཔག་ཏུ་མེད་པ་བསྐྲུན་ཞིང་། ཐ་སྙད་རི་པའི་ཚུལ་འདི་ཤིན་ཏུ་རྒྱས་པར་མཛད་དོ། ། དེ་ཡང་སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི་ནི་ཀ་ཙན་ལ་སོགས་པའི་སྒྲ་མདོ་ཉི་ཤུ་ཙམ་གྱི་ས་རིས་ལ་ཐོགས་པ་མི་མངའ། ཀ་ལཱ་པ་ལ་ཊཱིཀྐ་ཡོངས་སུ་རྫོགས་པ་ལེགས་པ་ཕུལ་དུ་ཕྱིན་པ་ཡང་མཛད། སྙན་ངག་མེ་ལོང་གི་ཊཱིཀྐ་བཀླགས་པས་དོན་ཐམས་ཅད་འགྲུབ་པ་དོན་རྒྱན་གྱི་དཔེར་བརྗོད་མི་འདྲ་བ་གཉིས། སྒྲ་རྒྱན་གྱི་དཔེར་བརྗོད་ཤིན་ཏུ་ལེགས་པ། སྔགས་ཀྱི་ཀློག་ཐབས་སོགས་ཡིག་ཆའི་རིགས་ཕུལ་དུ་ཕྱིན་པ་མང་དུ་མཛད་ཅིང་བཤད་པའི་སྲོལ་