R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༡༧
[A:༣༡༧]མ་ལས་བྱུང་བས། ཡིད་ཆེས་ཤིང་དད་པས་ཀུན་ནས་བླངས་ཏེ་ཡོངས་སུ་རྫོགས་པར་བྲིས་པའོ། རྟོགས་པའི་ཡོན་ཏན་ཡང་གཞོན་ནུའི་དུས་སུ་ལྷ་ཁང་བསྐོར་དུ་བྱོན་པ་ན། མགོན་པོ་བེང་གི་སྐུས་རིགས་ཀྱི་བུ་ཁྱོད་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཁོ་བོས་བསྲུང་བ་དང་། སྐྱོབ་པ་དང་། སྦ་བར་བྱའོ་ཞེས་གསུང་བྱོན་པས། གྲུང་ཁྱེར་གྱི་ནད་ངན་པ་བསྲུང་བའི་ཐུགས་དམ་མཛད་པ་ན། གདུགས་མཆོག་ཏུ་མཛེས་པ་ཉིས་རིམ་ཕུབ་པའི་སྒྲོལ་མའི་སྐུ་དངོས་སུ་བསྟན་ནས། གྲོང་ཁྱེར་བསྲུང་བའི་ཚུལ་མཛད་པར་གཟིགས་པ་དང་། མནལ་ལམ་དུ་དཔལ་ལྡན་བིརྭ་པ་ལ་ཀྱེ་རྡོ་རྗེའི་དབང་བསྐུར་གསན་པ་དང་། ཁམས་པ་བརྩོན་འགྲུས་ཞེས་བྱ་བའི་མི་ངན་ཞིག་གིས་རྗེའི་ཕྱག་རྫས་མང་དུ་བརྐུས་པ་ཟིན་ཀྱང་སླར་གནང་བ་དང་། བསྟན་པ་དང་སེམས་ཅན་ལ་ཕན་ན་དམྱལ་བའི་གཡང་ས་ལ་ཡང་འཇིགས་པར་མི་བྱ་ཞེས་གསུངས་ཤིང་། ཞལ་གྱིས་བཞེས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ?ཁྱང དེ་ནས་དབུས་སུ་བྱོན། སྟག་ལུང་ཆོས་རྗེ། ཞྭ་ནག་པ། ཞྭ་དམར་བ་སོགས་བླ་ཆེན་གསུམ་ལ་སྒྲ་དང་སྙན་ངག་གི་གསུང་གི་བདུད་རྩི་ཡང་ཡང་སྩལ། ཞྭ་ནག་ཅོད་པན་འཛིན་པ་ཆོས་གྲགས་རྒྱ་མཚོས་སྤྱན་རས་གཟིགས་ཀྱི་སྐུ་ཤིན་ཏུ་ལེགས་པ་སོགས་གནང་སྦྱིན་དཔག་ཏུ་མེད་པ་སྩལ་ཏེ། བོད་ཀྱི་སྐྱེ་བོ་བློ་གསལ་སྒྲ་དང་སྙན་ངག་དང་སྡེབ་སྦྱོར་མངོན་བརྗོད་ལ་སོགས་པའི་ཐ་སྙད་རིག་གནས་ཀུན་ལེགས་པར་སློབ་པའི་བསྟན་པའི་སྒྲོན་མེར་བཀས་ཡང་ཡང་བསྐུལ་ཞིང་བསྔགས་པ་རྒྱ་ཆེར་སྩལ། ང་གསུམ་པ་ལ་རྒྱ་སྟོན་ལྕགས་རི་བའི་གདན་སར་ཕེབས།