R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༡ན-༤༡༡
[A:༡༡༡ན-༤༡༡] ༄༅། །ཚོགས་ཀྱིས་ཚོགས་ལ་ལས་མི་བྱ་བའི་དོན་དུ་བསྙེན་པར་རྫོགས་པའི་དངོས་པོ་བརྒྱ་ཕྲག་མང་པོ་བསྒྲུབ་པ་དང། དགེ་ཚུལ་གྱི་བསྙེན་པར་རྫོགས་པའང་བགྲང་བ་ལས་འདས་པས། འགྲོ་བ་མཐའ་དག་སངས་རྒྱས་ཀྱི་བསྟན་པ་མཐའ་དག་ལ་འཛུད་པར་མཛད་པའི་རྣམ་ཐར་དུ་གྱུར། དེ་ནས་བདེ་ཆེན་དུ་ཕེབས། སྤྲུལ་པའི་སྐུ་ལ་སྐུ་གྲིབ་ཀྱི་རྣམ་པ་ཅུང་ཟད་བྱུང་བ་རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ནོད་པ་དང། རྣམ་འཛོམས་མཐིང་ནག་ཙནྡྲ་གོ་མིའི་རྒྱ་གཞུང་ལ་བརྟེན་པའི་བུམ་སྒྲུབ་གནང་ཏེ་སྐུ་ཁྲུས་གསོལ་བ། ཛེ་ཏ་རེའི་རྒྱ་གཞུང་ལ་རྟེན་པའི་འཆི་མེད་རྔ་སྒྲའི་དབང་བརྒྱ་རྩ། རྟ་མགྲིིན་གསང་སྒྲུབ་ཤངས་པ་ལུགས་ཀྱི་ཚར་ཅི་མང། བེར་ནག་ཅན་གྱི་དབང་བཞི་རྫོགས་གནང། དེ་ནས་རི་ཁྲོད་དགོན་གསར་དུ་ཕེབས། རྗེ་རོལ་པའི་རྡོ་རྗེ་དང། རྟོགས་ལྡན་གྲགས་པ་སེང་གེ་གཉིས་ཀྱིས། རང་གི་མཁན་པོ་འཇམ་དབྱངས་དོན་གྲུབ་དཔལ་བའི་དབེན་གནས་སུ་བཏབ་པའི་དགོན་པ། ཕྱིས་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ཀྱིས་བཞུགས་དུས་ཀྱི་བཞུགས་ཁྲི་ཐོག་ནས། དེེར་འདུས་པའི་སྐྱ་སེར་གྲངས་མེད་པ་ལ་གསུང་ཆོས་ཀྱི་འཁོར་ལོ་ཡང་དག་པར་སྐོར། དེའི་གདན་ས་ཆོས་རྗེ་ནོར་བུ་བ་ལ་གནང། དེ་ནས་རིམ་པར་ལྷ་སར་ཕེབས། ཇོ་བོ་རིན་པོ་ཆེ་དང་མཇལ་བའི་མུ་ནས་རྒྱལ་ཆེན་གླིང་དུ་ཕེབས། མི་དབང་ཡུམ་སྲས་དང་བཅས་པ་ལ་གསུང་ཆོས་གནང་བའི་སྐབས་ཤེད་དུ། སྔོན་གྱི་མནལ་ལམ་