R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༣བ-༤༣༦
[A:༡༢༣བ-༤༣༦] པ་མངོན་པོར་འདུ་མཛད་པར་སྣང་ངོ། དམ་པའི་ཆོས་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གསལ་བར་མཛད། དེ་དག་གི་དུས་ན་ནམ་མཁའ་ཤིན་ཏུ་དངས་པར་འཇའ་ཚོན་རྣམ་པར་བཀྲ་བའི་རི་མོར་བྱས་པ་ལྟ་བུའི་དབུས་སུ་ནས་ལྷའི་བུ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བའི་ཚུལ་དུ་མེ་ཏོག་གི་ཆར་བབ། གུརྐུཾ་གུར་ཀུམ་སོགས་དྲི་བཟང་པོའི་ངད་ལྡང་བས་ཕྱོགས་ཐམས་ཅད་གང་བ་སོགས་བཀྲ་ཤིས་དང་ངོ་མཚར་བའི་ལྟས་བཟང་པོའི་དཔལ་འབྱོར་གྱིས་ཀོང་པོའི་ཡུལ་ལྗོངས་ཐམས་ཅད་འཕགས་ཡུལ་ལྟར་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེན་པོས་ཁྱབ་བོ། །སྐྱེ་བོ་ཀུན་ཀྱང་འདི་ལྟ་བུའི་བསྟན་པ་ལ་ཕྱག་རིས་སྔོན་མེད་པ་ལ་གསར་དུ་སྐྲུན་པ་འདི་ནི། སྟོན་པ་ཉིད་མངོན་སུམ་དུ་གྱུར་པའི་ངོ་མཚར་གྱི་བཀོད་པའོ་ཞེས་མགྲིན་གཅིག་ཏུ་སྒྲོག་པའི་སྙན་པས་རྒྱ་དཀར་ནག་གི་ཡུལ་དུ་ཁྱབ་པར་གྲགས། ཕྱིས་ཐམས་ཅད་མཁྱེན་པའི་དྲུང་དུ་བསྙེན་པར་རྫོགས་པའི་དངོས་པོ་དོན་དུ་གཉེར་བ་རྣམས་འདུས་ཤིང་བསྟན་པའི་མེ་རོ་བསླང་བ་ལྟ་བུར་དུས་དེ་ཉིད་ཀྱི་ཉིན། ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོས་ཀྱང། མཁན་སློབ་སྔར་བཞིན་ལས། ཐམས་ཅད་མཁྱེན་པས་ལས་ཀྱི་ཁ་སྐོང་གི་གཙོ་བོར་བཞུགས་པ་དེ་བསྙེན་པར་རྫོགས། དེ་ནས་གཟུང་སྟེ། བདག་ཉིད་ཆེན་པོ་འདི་ཉིད་ཐམས་ཅད་མཁྱེན་པའི་དྲུང་དུ་སྤྱན་དྲངས་