R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༤བ-༤༣༨
[A:༡༢༤བ-༤༣༨] གྱིས་སྟོང་པའི་ཚེ་ཡང་ཁོའི་ཆོས་ཉིད་དམ་གནས་ཚུལ་ཁོ་རང་ཇི་ལྟ་བ་ཞིག་འགྱུར་བ་མེད་པའི་ཚུལ་གྱིས་གནས་པར་བཞེད་འདུག་པ་ལགས་ཞུས་པའི་ལན་དུ། ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་བཞེད་པ། མདུན་གྱི་ཀ་བ་འདི་ལྟ་ཅི་སྨོས། ཀུན་རྫོབ་འཁོར་བས་བསྡུས་པའི་ཆོས་ཐམས་ཅད་དོན་ལ་མེད་བཞིན་སྣང་བ་འཁྲུལ་བའི་ཡོ་ལང། རང་གྲུབ་ཀྱི་དུས་སྐད་ཅིག་གཉིས་པར་འཇིག་པའི་ཆོས་ཅན་ཁོ་ན་དང། དོན་དམ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་དུ་བཞེད་ཅིང། དེ་ཡང་མདུན་གྱི་ཀ་བ་འདི་ལྟ་བུ་ཞིག་ལ་མཚོན་ན། གཉིས་སྣང་གི་ཤེས་པ་ལ་སྣང་ཙམ་གྱི་ཀ་བ་ནི་རང་གྲུབ་དུས་ཀྱི་སྐད་ཅིག་ཀྱང་སྡོད་དབང་མེད་པར་མི་རྟག་ཅིང་མི་བརྟན་ལ་འགྱུར་བའི་ཆོས་ཅན་དུ་རི་གཟར་གྱི་འབབ་ཆུ་སོགས་ཀྱི་དཔེས་མཚོན་པར་བཞེད་པ་ཡིན་ཏེ། རྗེ་དེའི་གསུང། བསྟན་པ་སྤྱི་འགྲེལ་ཞེས་བྱ་བའི་གསོལ་འདེབས་ལས། འདུས་བྱས་ཐམས་ཅད་རི་གཟར་འབབ་ཆུ་བཞིན། །སྤྲིན་བཞིན་གློག་བཞིན་རྩྭ་རྩེའི་ཟིལ་པ་བཞིན། །མི་རྟག་མི་བརྟན་འགྱུར་བའི་ཆོས་ཅན་དུ། །ལེགས་པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་སོགས་དེ་ཉིད་ཀྱི་གསུང་རབ་མང་པོ་ལས་འབྱུང་ཞིང། དོན་དམ་པར་ཀ་བའི་ཆོས་ཉིད་དམ་གནས་ཚུལ་དུ་གྱུར་པའི་ཀ་བའི་རྣམ་པ་རྟག་བརྟན་མི་འགྱུར་བ་ཞིག་