R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༥ན-༤༣༩
[A:༡༢༥ན-༤༣༩] ༄༅། །གནས་པའི་ཚུལ་ཡང། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། དོན་དམ་པའི་མེ་ཏོག་ར་བ་མ་དང་། དོན་དམ་པའི་རོལ་མོ་མཁན་མོ་དང། དོན་དམ་པའི་གདོལ་པ་མོ་དང། དོན་དམ་པའི་སྨྱིག་མ་མཁན་དང་ཞེས་བྱ་བ་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པ་ཚང་བར་དོན་དམ་ལ་བཞུགས་པར་གསུངས་པ་དང།
རྒྱུད་གཞན་ལས་ཀྱང། སྲིད་གསུམ་གཞན་དང། སྲིད་གསུམ་ཀུན་ནས་དང་བ་དང། སྲིད་གསུམ་སྐྱེ་འཇིགས་མེད་པ་ལ་སོགས་པ་དོན་དམ་པའི་སྲིད་པ་གསུམ་དང།
དོན་དམ་པའི་འཁོར་བ་ལ་སོགས་པ་མཐའ་ཡས་པ་གསུངས་ཞིང། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་ཀྱང། ཤེས་རབ་གཟུགས་བརྙན་ནམ་མཁའ་སྙིང་ཞེས་དང། སྣ་ཚོགས་གཟུགས་བརྙན་འོད་གསལ་བ། ཞེས་དང། དོན་དམ་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་ཀྱང།
རྣམ་པ་ཀུན་ལྡན་རྣམ་པ་མེད། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།།ཤེས་ཞེས་པ་དང། བསྡུས་རྒྱུད་ལས་ཀྱང།
ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་འདུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་མདོ་རྒྱུད་མཐའ་ཡས་པ་རྣམས་ནས་གསུངས་པའི་དགོངས་དོན་དཔྱིས་ཕྱིན་པ་འབྲེལ་ཚུལ། རྗེ་འདེ་ཉིད་གསུང་རབ་ངེས་དོན་རྒྱ་མཚོ་ལ་སོགས་པ་རྣམས་ནས་རྒྱས་པར་འབྱུང་ཞིང། འཕོ་བ་ཁྱད་འཕགས་སོགས་ཁྱད་འཕགས་ཀྱང་འདི་ལྟར་འབྱུང་སྟེ་