R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༥བ-༤༤༠
[A:༡༢༥བ-༤༤༠] ཆོས་ཉིད་འོད་གསལ་རྣམ་པ་ཅན། རྣམ་པ་དུ་མ་ངོ་བོ་རོ་གཅིག་པ། དེ་ལ་སྲིད་གསུམ་དབྱེར་མེད་དོན་དུ་གསུངས། གཞན་དུ་སྨྲ་བ་རྒྱུད་སྡེའི་དགོངས་པ་མིན། གནས་ལུགས་འོད་གསལ་རྣམ་པ་ཐམས་ཅད་པ། དུས་གསུམ་ཆོས་རྣམས་ཀུན་གྱི་རྣམ་པ་ཅན། རྣམ་པ་དུ་མ་ངོ་བོ་རོ་གཅིག་པ། ཀུན་རྫོབ་གཟུགས་སོགས་རྣམ་མཁྱེན་བར་གྱི་ཆོས། འདི་ལས་གཞན་མཆོག་གཟུགས་ནས་རྣམ་མཁྱེན་བར། ཆོས་ཉིད་འགྱུར་བ་མེད་པ་ཡོད་པ་གྲུབ་ཀྱི། གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་དང་ནི། རྣམ་པར་དག་པའི་གཟུགས་ནས་རྣམ་མཁྱེན་བར། །ཆོས་དེ་ཀུན་གྱི་རྣམ་པ་ཚང་བ་ཡིན། །ཡང་དག་མཐའ་ལ་གཟུགས་སོགས་གཞན་ཞེས་གསུངས། ཀུན་རྫོབ་འདི་ལས་གཞན་པ་ཡིན་ཕྱིར་རོ། །དེ་བཞིན་ཁམས་གསུམ་དང་ནི་དུས་གསུམ་ལས། །འདས་པའི་གཟུགས་ནས་རྣམ་མཁྱེན་བར་དུ་གསུངས་པ། །དེ་ཡང་ཆོས་ཉིད་རྣམ་པ་ཐམས་ཅད་པའི། །རྣམ་པ་རྣམས་ལ་ལེགས་པར་འགེངས་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ལགས་ཤིང་། དེ་ཡང་ཧྲིལ་གྱིས་དྲིལ་བ་ན། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་ཤིང། ལམ་གྱི་གནས་སྐབས་སུ་ཡང། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་ཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚོ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་