R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༨བ-༤༤༦
[A:༡༢༨བ-༤༤༦] དང་དེའི་འགྲེལ་བར། རྗེས་སུ་དྲན་པས་ལེགས་པར་དག་པ་ཞེས་པ་ལ། འདི་རྗེས་སུ་དྲན་པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་དང་བྲལ་བའོ། །དེའི་ཕྱིར་གང་གི་ཚེ་དག་པར་འགྱུར་བ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ལས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །ཡེ་ཤེས་གཟུགས་ལས་སོ། །ཤེས་ཞེས་པ་སྟོང་པའི་གཟུགས་ལས་སོ་ཤེས་གསུངས་པ་ལྟར། རྗེས་དྲན་གྱི་ཡན་ལག་གིས་རྣམ་པར་དག་པ་ལས་རང་གི་ལུས་ཡེ་ཤེས་ཀྱི་སྐུ་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང། བ་སྤུའི་ཁུང་བུ་ནས་ཡེ་ཤེས་ལྔའི་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོ་བ་དང། དེ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡན་ལག་རིམ་གྱིས་མངོན་དུ་གྱུར་ནས་ས་བཅུ་གཉིས་རིམ་གྱིས་བགྲོད་ཅིང། ས་དང་པོ་ཐོབ་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཅིག་གི་མཐར་ཐུག་པར་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང། དེ་བཞིན་དུ་ས་གཉིས་པ་ནས་ས་བཅུ་པའི་བར་དུ་ས་འོག་མ་འོག་མ་ལས་ཉིས་འགྱུར་གྱིས་འཇིག་རྟེན་གྱི་ཁམས་ཀྱི་གྲངས་མཐོང་ཞིང། ས་བཅུ་གཉིས་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་བཞི་ལྷག་པའི་སྟོང་ཕྲག་ཅིག་གི་མཐར་ཐུག་པར་ལྐོག་ཏུ་མ་གྱུར་བའི་དོན་ཡང་དག་པར་མཐོང་བ་དང། སངས་རྒྱས་ཀྱི་ས་བཅུ་གཉིས་པ་ཐོབ་ལས་སྟོང་ཆེན་པོ་ཞེས་བྱ་བ་ཕྱོགས་བཅུར་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སྔར་མ་མཐོང་བའི་དོན་ཡང་དག་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེ་