R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༩བ-༤༤༨
[A:༡༢༩བ-༤༤༨] གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ལ་བདག་ཉིད་མ་རྨས་མ་ཉམས་པར་སླར་ལྡོག་པར་མཐོང་ངོ་། །བརྒྱད་པ་ནི་ཕྲག་པ་གཉིས་ན་རི་དགས་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པས་གཅན་ཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པར་མཐོང་ངོ་།། དགུ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐོང་སྟེ་སྐྱེ་བོ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱི་ས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ན། བཅུ་པའི་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ་ཁ་དོག་གསེར་ལྟ་བུ་ལ་འོད་འདོམ་གང་པ། ཚངས་པ་བྱེ་བ་ཁྲག་ཁྲག་དུ་མ་ཡོངས་སུ་བསྐོར་ཞིང་འདུན་གྱི་བལྟས་ནས་ཆོས་སྟོན་པ་མཐོང་ངོ་། །ཞེས་གསུངས་པ་ལྟར་ལས། ས་བཅུ་པ་མངོན་དུ་གྱུར་པའི་རྟགས་ཇི་ལྟ་བ་བཞིན་དུ་འོང་ཞིང་དེ་ལྟར་དུ་ངོ་སྤྲོད་པ་ལགས། འོ་ན་དེ་ནས་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་ཟད་པར་བཤད་པ་དང་འགལ་བ་ཡང་མ་ཡིན་ཏེ། དེ་ལྟ་བུ་ནི་འཇུག་པར་རང་དབང་མེད་པར་བསྡུད་པའི་གཉིད་ཡིན་ལ། འདིར་བཤད་པ་ནི་བསམ་གཏན་གྱི་ངོ་བོར་གྱུར་པའི་དགེ་བའི་གཉིད་ཡིན་པས་མི་འགལ་བ་ཉིད་དོ། །དེ་ཡང་ཐོག་མར་ཅུང་ཟད་ཐུགས་ངལ་བའི་རྣམ་པ་འཆར་བ་ནི། འདོད་པའི་མིའི་རྟེན་ལ་ཉེ་བར་བརྟེན་པའི་མཐུ་ལས་སྣང་ཚུལ་དེ་ལྟར་འཆར་བ་གོ་ལགས། ཞེས་ཞུས་པའི་ཚེ། ཐམས་ཅད་