R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༢ན-༤༥༣
[A:༡༣༢ན-༤༥༣] ༄༅། །ཊཱིཀ། སྒྲུབ་དཀྱིལ། ཁྲིད་ཡིག། བསྟོད་ཚོགས། གསུང་སྒྲོས་ཕྲན་ཚེགས་ཚུན་ཆད་ཀྱི་ཡིག་ཆ་མཐའ་དག་རྣམས་ཐུགས་རྩོལ་ཆེན་པོས་སྒྲུབ་པ་གནང་བའས་རྟིང་སོར་ཚང་མ་འབྱོར་འདུག་ཅིང་། དེ་དག་ལའང་ཐུགས་ཀྱི་ངེས་པ་བརྟན་པོ་གཏིང་ཚུགས་པ་འཁྲུངས་ནས་སྟོན་པ་རིན་པོ་ཆེའི་གསུང་དང་ཁྱད་མེད་པ་ཙམ་དུ་མཛད་ཅེས་གྲག་གོ །དེ་ནས་ཐམས་ཅད་མཁྱེན་པའི་བསྙེན་པར་རྫོགས་པ་ཡང་ཇི་ལྟ་བ་བཞིན་ལེགས་པར་གྲུབ། གསུང་ཆོས་འབུལ་བར་འོས་པ་རྣམས་ཀྱང་ཕལ་ཆེར་དགོངས་པ་དང་སྦྱར། སྐུ་སྐྱེ་བ་འདིའི་བསྟན་པའི་བྱ་བ་རླབས་པོ་ཆེའི་ཐུགས་ཁུར་ཕོགས་པའི་ཚུལ་གྱིས་ཐུགས་བག་གློད་པ་ལྟ་བུས་སྐུ་ཁམས་ཅུང་ཟད་བརྟེན་པའི་རྣམ་པའི་སྣང་ཚུལ་གྱི་སྐབས་སུ། ཐམས་ཅད་མཁྱེན་པས་སྐུ་ཚེ་མི་འགྱུར་ཞིང་བརྟན་པའི་རྟེནའབྲེལ་དུ་ཁ་བཏགས་རྡོ་རྗེ་གསང་ལམ་དྲིས་དྲི་མ་གོས་པ་ཅིག་བཞུགས་གདན་དུ་ཕུལ་ཏེ། དམ་པ་འདི་ཉིད་ཀྱི་དུས་གསུམ་གྱི་རྣམ་པར་ཐར་པ་མདོར་བསྡུས་ཏེ་བརྗོད་པའི་སྒོ་ནས་བསྟོད་པ། དམ་པ་ཁྱོད་ནི་རིང་མོའི་དུས་ཞིག་ནས། །སངས་རྒྱས་བྱེ་བ་རྒྱ་མཚོའི་མཆོད་བྱས་ཤིང། །དགེ་ཚོགས་རྒྱ་ཆེན་ཡོངས་སུ་འགྲུབ་གྱུར་པ། །དཔལ་ལྡན་ཆོས་གྲུབ་སེང་གེ་དེ་ལ་བསྟོད། །སླད་འདིར་སྨོན་ལམ་རྣམ་དག་ལེགས་དྲངས་ཏེ། །བདག་སོགས་གདུལ་བྱའི་བླ་ན་ཉི་བཞིན་གསལ། །