R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༥བ-༤༨༠
[A:༡༤༥བ-༤༨༠] དཔལ་ལྡན་ཨར་དགེའི་ཆོས་ཀྱི་སྒེར་གནས་ཉིད་དུ་དགེ་ཚ་ཆེན་མོ་མཛད། དེའི་ཚེ་སྟོད་སྨད་བར་གསུམ་གྱི་སྐྱེ་བོ་དང་རབ་ཏུ་བྱུང་བ་སོགས་དཀར་པོའི་ལས་ལ་མདུན་འདུན་ཞིང་ཡོངས་སུ་འཛིན་པ་ཆེན་མོའི་ཞལ་གྱི་དཀྱིལ་འཁོར་བལྟ་བ་དང་གསུང་གི་བདུད་རྩིའི་དགའ་སྟོན་མྱོང་བར་འདོད་པར་མཐའ་དག་འདུས་ཏེ། དགེ་བའི་ལས་ལམ་རླབས་པོ་ཆེ་བསྒྲུབ་པའི་མཐར་བདག་ཅག་རྣམས་ལ། རྗེ་བཙུན་ཆེན་པོའི་སྐུ་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནས་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་དུ་གསོལ་བ་ཞེས་གསོལ་བ་བཏབ་པ་ན། དྲུང་ན་འཁོད་པ་རྣམས་ཀྱིས། ད་ལམ་སྐུ་མཚམས་ཀྱི་བཅད་རྒྱའི་བར་ཆད་དུ་འགྱུར་བས། བྱིན་ལ་མཇལ་ཁ་དང་གསུང་ཆོས་གནང་བ་འདི་འཐེན་པ་ལེགས་ཚུལ་དོ་གལ་དུ་ཕུལ་ནའང། རྗེའི་གསུང་གིས། དེ་རིང་ཁོང་རྣམས་ཇི་ལྟར་གསོལ་བ་འདེབས་པ་ལྟར་གྱི་འདོད་པ་ཇི་ལྟ་བ་བཞིན་བསྒྲུབ་དགོས། དེའི་རྒྱུ་མཚན། སྐྱེ་བོ་འདི་རྣམ་པ་ཕལ་ཆེར་ངེད་རང་ལ་དད་པས་མདུན་འདུན་པ་ཡིན་ཞིང། ཁོང་ཚོའི་བསམ་པའང་ངེད་རང་ཚོའི་བླ་མ་རྒན་པོ་འདིས་ཀོང་པོ་བསྐོར་བ་ཡིན་པས། ད་བཞིན་གྱི་རྣམ་འགྱུར་ཇི་ལྟ་བུ་ཞིག་བྱས་ཡོད་དམ་སྙམ་པའི་ཡིད་ཐེ་ཚོམ་གྱི་ཁྱོགས་ལ་འཆང་བཞིན་པར་ཡོད་པ་དང། ཁྱད་པར་ཁོང་རྣམས་