R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༦ན-༤༨༡
[A:༡༤༦ན-༤༨༡] ༄༅། །ཕལ་ཆེར་དང། ངེད་རང་སྐྱེ་བ་འདིར་འཕྲད་པའི་རྟིང་མ་ཡིན་པས་ཐར་པའི་ས་བོན་མཆོན་ཏུ་ཡང་འགྱུར་བས་ཅིས་ཀྱང་འཕྲད་པ་ཡིན་ཕེབས་ནས། གཟིམས་ཁང་གི་ཡང་ཐོག་ཏུ་བཞུགས་གདན་གྱི་བཀོད་པ་བཤམས་ཏེ། དེར་འདུས་ཀྱི་སྐྱེ་བོ་སྟོང་ཕྲག་མང་པོ་ལ། བླ་མའི་རྣལ་འབྱོར། ཐུགས་རྗེ་ཆེན་པོ་འཁོར་བ་དང་དོང་སྤྲུགས་ཀྱི་བསྒོམ་ཐབས། ཡི་གེ་དྲུག་མའི་ལུང་དང་བཅས་པའི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐོར་པའི་མཇུག་ཏུ། འགྲོ་བ་གང་གིས་བདག་མཐོང་ཐོས་པའམ། །རེག་གམ་གཏམ་དུ་བྱེད་པ་ཙམ་གྱིས་ཀྱང། །རྣམ་པ་ཀུན་དུ་འགྲོ་ལ་ཕན་བྱེད་ཅིང། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག།།ཅེས་པའི་སྨོན་ལམ་གྲངས་མེད་པ་དང། མཐར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་ཏེ་བསྩལ་བ་ན། ཀུན་གྱིས་ཐུན་མོང་དུ་སྐུའི་གཟི་མདངས་ཆེས་ཆེ་བར་མཐོང་ཞིང། ལས་དག་པའི་སྐྱེ་བོ་ཉམས་འུར་ལངས་པ་ཁ་ཅིག་ལ་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་དང། གསུང་ཚངས་པའི་དབྱངས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། རྒྱང་རིང་པོའི་འགྲོ་བ་མང་པོའི་རྣ་བར་གསུང་ངགི་གདངས་དྲུང་དུ་འཁོད་པ་ལྟ་བུར་གསལ་བའི་ཆོ་འཕྲུལ་