R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༦བ-༤༨༢
[A:༡༤༦བ-༤༨༢] མངོན་པར་འདུ་མཛད་པས། རྒྱ་ལམ་ལ་འགྲོ་བ་རྣམས་ཀྱིས་ཀྱང་ཆོས་གསུང་བའི་སྒྲ་རྣ་བའི་དབང་པོར་ཤིན་ཏུ་གསལ་བར་གྱུར་ཏོ་ཞེས་ངེས་པར་གྲགས་ཤིང། དེའི་ཚེ་ནམ་མཁའ་ལ་མེ་ཏོག་གི་ཆར་ཆེན་པོ་མངོན་པར་འབབ་པ་ལ་སོགས་པའི་ངོ་མཚར་བའི་སྐྱེས་ཆེན་པོས་ཚིམ་པར་མཛད་དེ། འགྲོ་བ་དེ་རྣམས་ཐར་བ་མཆོག་གི་ས་བོན་ལ་བཀོད་དེ་འཁོར་བ་མཐའ་ཅན་དུ་མཛད་དོ། །དེ་ནས་སླར་གཟིམས་ཆུང་ཉིད་དུ་ཕེབས་པའི་ཚེ། འོ་ངེད་རང་ཚེ་འཕོ་ཁར་དྭགས་ཀོང་གི་ཡུལ་ཀླ་ཀློ་ཕག་ལྟར་བླུན་ཞིང་གཏི་མུག་པའི་རང་བཞིན་ཅན་མི་དགེའི་ལས་ལ་ངང་གིས་འཇུག་པ་ལ་མངོན་པར་དགའ་བ་དེ་དག་གི་གྲོང་དུ་བརྒྱུས་ཤིང་ལུས་ངག་གི་སྒོ་ནས་དེ་རྣམས་ལ་ཐར་པའི་ས་བོན་མང་པོ་བཞག་པས་འགྲོ་བའི་དོན་ཆེན་པོ་གྲུབ། ད་རེས་ཀྱང་འདིར་འདུས་པའི་སྐྱེ་བོ་འོ་སྐོལ་མཐོང་ཞིང་ངག་ཐོས་པ་དེ་དག་ལའང་ཐར་པ་མཆོག་གི་ས་བོན་ཐེབས་པས་ཁོང་རང་རྣམས་ཀྱི་མདུན་མའང་ལེགས་པ་ཡིན། ད་ནི་ཁོ་བོ་ཡུན་རིང་པོར་མི་སྡོད། སྐྱེས་པ་ཐམས་ཅད་ངེས་པར་འཆིང། འདུས་པ་ཐམས་ཅད་ནི་འབྲལ། དར་བ་ཐམས་ཅད་ནི་གུད། བརྩིགས་པ་ཐམས་ཅད་ནི་འཇིག། བསགས་པ་ཐམས་ཅད་ནི་འཛད་པ་འཇིག་རྟེན་གྱི་ལུགས་ཡིན་པས་རང་རང་གི་ལས་ཀྱི་ལྷག་མ་རྣམས་སྤྱི་བོར་གཟུང་ལས་དེ་ཉིད་སྦྱོང་བའི་ཐབས་ལ་འབད་པར་གྱིས་ཤིག་