R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༩ན-༤༨༧
[A:༡༤༩ན-༤༨༧] ༄༅། །ཐུགས་ཀྱི་ལྷག་མ་མེད་ལགས་སམ་ཞུས་པའི་ལན། ཁོ་རེ་ཐོན་ཅིག། སངས་རྒྱས་ལ་ཐུགས་ཀྱི་ལྷག་མ་ཤིན་ཏུ་ཡོད། འདྲེན་པ་ཉིད་མྱ་ངན་ལས་འདའ་བའི་སྔོན་རོལ་དུ། འཕགས་པ་ཀུན་དགའ་བོ་ལ་ཀུན་དགའ་བོ། གང་རྫུ་འཕྲུལ་གྱི་རྐང་པའི་རྟེན་གོམས་པ་ལན་མང་དུ་བྱས་ན། བཞེད་ན་བསྐལ་པའམ་བསྐལ་བ་ལས་ལྷག་པར་བཞུགས་ནུས་ཀྱི། ངས་ཀྱང་རྫུ་འཕྲུལ་གྱི་རྐང་པའི་རྟེན་གོམས་པ་ལན་མང་དུ་བྱས་སོ་ཞེས་སྒྲུབ་ངག་བཀོད་པ་ན། འཕགས་པ་ཀུན་དགའ་བོས། མྱ་ངན་ལས་མི་འདའ་བར་གསོལ་བ་མ་བཏབས་པ་དང། སྟོན་པ་ཉིད་ཀྱིས་འཕགས་པ་འོད་བསྲུངས་ཆེན་པོ་བསྟན་པའི་བདག་པོར་མངའ་གསོལ་ན་ཕྱིས་བཀའ་བསྡུ་མི་དགོས་པ་ལ་དེ་ལྟར་མ་བསྐོས་པས་ཕྱིས་མྱ་ངན་ལས་འདས་ནས་བཀའ་བསྡུ་མཛད་དགོས་པ་དང། གཞན་ཡང་སྟོན་པ་ཉིད་ཀྱིས་རང་ཉིད་སྐུ་བལྟམས་པ་ལ་སོགས་པའི་མཛད་པའི་ཚུལ་རྣམས་ཀྱིས་དུས་ངེས་པ་ཅན་གསུང་བ་ན། ད་ལྟར་གདུལ་བྱ་རྣམས་དེ་དག་གི་དོན་ལ་རྩོད་པར་མི་འགྱུར་བ་ལས། དེ་ལྟར་མ་གསུང་པས་ད་ལྟར་དུས་ཆེན་ལ་སོགས་པའི་དུས་ལ་རྩོད་པ་འབྱུང་བ་རྣམས་ཡིན་ནོ་ཞེས་ཕེབས་པའི་ཚེ། བདག་ཅག་རྣམས་ཀྱི་བསམ་པ་ལ་རྫུ་འཕྲུལ་རྐང་པའི་རྟེན་གོམས་ཀྱི་འཕྲོས་དེས་བརྟན་པར་བཞུགས་དགོས་པའི་བཀའ་མཆིད་ཡིན་ནམ་སྙམ་ཏེ། དེ་ལྟར་ན་བདག་ཅག་རྣམས་ནི་ཞབས་དྲུང་ཉིད་བསྟན་པ་དང་འགྲོ་བའི་དོན་དུ་ཡུན་རིང་པོ་ཞབས་བརྟན་