R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༩བ-༤༨༨
[A:༡༤༩བ-༤༨༨] པར་གསོལ་བ་འདེབས་ན། ཐུགས་རྗེའི་བདག་ཉིད་ཅན་གྱི་དེ་ཇི་ལྟ་བ་བཞིན་ཐུགས་བརྩེ་བས་རྗེས་སུ་གནང་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་ལ་དེ་ལྟར་ཡིན་བྱས་པ་ཡིན། ངེད་རང་གོང་དུ་ལབས་པ་བཞིན་ཡུན་རིང་པོར་མི་སྡོད་པས་སྒྲུབ་མཆོད་འདི་ལ་ཁྱེད་རྣམས་ཀྱིས་འབད་པ་གལ་ཆེའོ་གསུང། ཡང་ཉེར་གསུམ་གྱི་ཉིན། རྣམ་རྒྱལ་བ་ཁྱེད་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ཤིག། རྒྱ་བོད་ཀྱི་མཁས་གྲུབ་རབ་ཏུ་བྱུང་བ་དང། རྣལ་འབྱོར་པ་དང། རྣལ་འབྱོར་མའི་ཆ་ལུགས་འཛིན་པ་མང་པོ་བྱོན་གསུང་བ་ལ། མཾས་ལ་སོགས་པའི་ཚོགས་ཀྱི་ཡོ་བྱེད་བྱེད་དགོས་ལགས་སམ། མ་ཏ་ན་ལ་བདུད་རྩི་རིལ་བུ་སྦྱར་བའི་དམ་ཚིག་གི་རྫས་སྦྱར་བ་བཤམས་པས་མཐུས་ལགས་ཞེས་ཞུས་པ་ན། ཀུན་རྫོབ་པའི་ཚོགས་ཀྱི་ཡོ་བྱད་མང་པོ་བཤམས་མི་དགོས། ཤ་ལྔ་བདུད་རྩི་ལྔ་བཏབ་པའི་གྲུབ་པའི་རིལ་བུ་མ་ཏ་ན་ལ་སྦྱར་བ་དེ་མཆོག་ཡིན་ཕེབས་པ་བཞིན་མ་ཏ་ན་ལ་བདུད་རྩི་ཏིལ་བུ་སྦྱར་བ་དེ་ཕྱག་ཏུ་ཕུལ་བ་ན། དེ་ཉིད་སྦྱང་བ་དང། སྦར་བ་དང། སྤེལ་བ་དང། བྱིན་གྱིས་རློབས་ལ་སོགས་པའི་ཆོ་ག་མཛད་དེ་མཆོད་པའི་ཚུལ་སྣ་ཚོགས་པ་མཛད་ཅིང། མཐར་རྗེ་ཉིད་ཀྱིས་ཀྱང་རོལ་བ་དང། དྲུང་ན་འཁོད་པ་རྣམས་ལའང་གནང་ཏེ། འོ་དེ་རིང་གི་ཚོགས་འཁོར་མཚན་ཉིད་དང་ལྡན་པ་ཡིན་ནོ་གསུང། དེའི་ཚེ་དྲུང་ནམ་རྒྱམ་པས། དེ་རིང་གི་གྲུབ་ཐོབ་དེ་