R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༤བ-༤༩༨
[A:༡༥༤བ-༤༩༨] རང་རྣམས་ནམ་མཁའ་ལ་ལྟད་མོ་རང་བལྟ་བའི་གྲབས་གྱིས་ཤིག་གསུང། ད་ལྟ་འཇིག་རྟེན་ན་སྐྱེས་བུ་དམ་པ་རྣམས་མྱ་ངན་ལས་འདའ་ཚུལ་སྟོན་པ་ན། དེ་ཉིད་མྱ་ངན་ལས་འདས་ནས་གདུང་མཆོད་བར་གྱི་ཞག་གི་ཁོངས་སུ་ངོ་མཚར་བའི་ལྟས་འབྱུང་བར་རློམ་པ་རྣམས་ནི་ཉི་ཚེ་བའི་བསམ་པར་ཟད་དེ། བདག་ཉིད་ཆེན་པོ་འདི་ཉིད་ཞིང་འཕོ་བའི་ཚུལ་སྟོན་པའི་སྔོན་རོལ་ནས་ལོ་འཁོར་བ་ཙམ་གྱི་བར་དུ་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་ཆེན་པོའི་བཀོད་པ་རྣམ་པར་བཀྲ་བ་མཛད་པ་ཡིན་ཏེ། ཟླ་བ་དེའི་ཚེས་བརྒྱད་ཀྱི་ཉིན་ནས་ནམ་མཁའ་ཟ་འོག་གི་བླ་རེས་ཀྱིས་ཕུབ་ལ་ལྟར་འཇའ་ཚོན་སྣ་ལྔའི་རང་བཞིན་གྱིས་འཁོར་ཡུག་ཏུ་ཁེབས་པ་དང། ལྷ་རྣམས་ཀྱིས་འཐོར་བའི་མེ་ཏོག་གི་ཆར་ཆེན་པོ་ལ་སོགས་པ་ཉིན་མཚན་ཐོག་ཐག་ཏུ་འབབ་པར་གྱུར་ཏོ། །དེ་ཉིན་ནས། ད་སྟེ་འགྲོ་གྲབས་བྱེད་རན་པ་ཡིན་པས་ངེད་རང་གི་སྔས་དེ་ཡང་བྱང་ཕྱོགས་ལ་བཏོད་པ་ཡིན་ནོ་གསུང་ངོ། །བྱང་གི་ཕྱོགས་སུ་སྐུ་མཉེ་བསྐུར་བ་གནང། དེའི་ཚེ་དཀའ་བཅུ་བ་ཚུལ་རབ་པས་དེ་ལྟ་བུའི་བཀའ་མི་ཕེབས་པ་ཞུ ། ཞབས་འཆག་སོགས་ནི་ལེགས་པོ་གནང་ཐུབ་ཀྱི་འདུག། གསོལ་བ་ཡང་བཟང་པོ་འདུག། ལྷག་པར་སྐུའི་གཟི་མདངས་ཀྱང་ཤིན་ཏུ་བཟང་བར་འདུག་པ་ལ། དེ་ལྟ་བུའི་བཀའ་བཀོད་ཕེབས་ན་བདག་ཅག་རྣམས་ཀྱི་སེམས་མྱ་ངན་གྱི་ཁང་བུར་ཆུག་པར་འགྱུར་བ་ལགས་ཞུས་པས་