[A:༣༥༨] ཤིས་པའི་མཚན་མས་ཕྱུག་པ་ཁོ་ན་མཛད་པའི་བྲིས་སྐུ་རྣམས་ལ་བར་གཟུངས། འབུར་སྐུ་རྣམས་ལའང་བླ་མ་བརྒྱུད་པ་ནས། ཞབས་རྟེན་གྱི་གནོད་སྦྱིན་འཁོར་ལོའི་བར་ཆེ་ཆུང་ལ་གང་འཚམ་པའི་ངེས་ངེས་མ་གཏོགས་པ་སླ་ཆོས་སུ་མ་སོང་བ་འབའ་ཞིག་དང༌། མཆོད་རྟེན་རྣམས་ལའང་འོག་ཏུ་ཀླུའི་རྒྱལ་པོའི་བུམ་གཏེར། སེང་ཁྲིའི་ནང་དུ་གནོད་སྦྱིན་འཁོར་ལོ་བཞུགས་པའི་སྟེང་དུ་སྲོག་ཤིང་བཙུགས་པ་ལ་གཟུངས་ཀྱིས་ལེགས་པར་དཀྲིས། དེ་བཞིན་གཤེགས་པའི་རིང་བསྲེལ་སོགས་བྱིན་རླབས་རྟེན་དུ་མ་དང་སཱཙྪ་རིམ་བཞིན་དབུ་ཞབས་མ་ལོག་པར་བསྒྲིགས་པས་ཕྱུར་བུར་བཀང་བའི་བར་ཐམས་ཅད་འབྲུ་དང་སྨན་དང་དྲི་བཟང་པོའི་ཤིང་གི་བྱེ་མས་གཏམས་ཏེ་བར་སྟོང་མེད་པར་ཏིལ་གྱི་གོང་བུ་ལྟར་བྱས་པའི་ཕྱི་ནས་ཚོན་རྩི་སོགས་ཀྱིས་མཛེས་པར་མཛད་དེ་མཐོང་ན་ཡིད་འཕྲོག་ཅིང་བསྟེན་ན་དགེ་ལེགས་འབྱུང་བ། དེ་ཐམས་ཅད་ལ་སོ་སོར་རྒྱུ་བྱིན་རླབས། གཟུངས་དང་སཱཙྪ་སོགས་ལ་སོ་སོར་རབ་གནས་མཛད་པའི་མཐའ་ཐམས་ཅད་ཡོངས་སུ་རྫོགས་པ་ན། བསྙེན་པ་ཁ་གསོ་དང་འབྲེལ་བའི་རབ་གནས་རྒྱས་པ་ཁོ་ན་ཤས་ཆེར་མཛད། མྱུར་པོ་དགོས་པའི་ཚེ་ནའང་རྡུལ་ཚོན་ནམ་རས་བྲིས་གང་རུང་ལ་བརྟེན་པའི་ཆོ་ག་རྒྱས་པ་ཁོ་ན་མཛད་པས་རྟེན་ཐམས་ཅད་མར་མེའི་ཕྲེང་བ་ཁོར་ཡུག་ཏུ་འཛིན་པ་སོགས་བྱིན་རླབས་ཀྱི་གཟི་འོད་འབར་བ་ཁོ་ན་བྱུང༌། ཉིད་ཀྱི་ཕྱག་ཏུ་བྱུང་བའི་བདོག་པའི་དངོས་པོ་ཐམས་ཅད་ལའང་འཛིན་པ་ཅི་ཡང་མི་མངའ་ཞིང་ཕལ་ཆེར་སྡུག་འཕོངས་དང༌། མ་རུངས་པ་གཞན་གྱིས་སྤངས་པ་རྣམས་ལ་གནང༌། དཔལ་དུས་ཀྱི་འཁོར་ལོའི་བྲིས་སྐུ་ཆེན་མོ་གསུམ། འཁོར་ལོ་སྡོམ་ཆེན། ཐུབ་དབང་