[A:༣༩༤]ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་ཀྱི་སྙན་བརྒྱུད་སློབ་བཤད་ཐུན་མོང་མ་ཡིན་པ་ཉི་ཟླ་ཇི་སྲིད་གནས་པ་དེ་སྲིད་དུ་མི་ཉམས་ཤིང་ཆེས་ཆེར་རྒྱས་ལ་རབ་ཏུ་འཕེལ་བར་བྱས་པ་ཡིན་ནོ། །དེ་ལྟར་དམ་པའི་མཛད་པ་མཐའ་ཡས་ཡིད་བཞིན་ཆུ་གཏེར་ཆེན་པོའི་འཇིངས། །ཁ་དོག་ཙམ་གྱི་སྔར་མ་ཕལ་ཆེར་སྐྲག་པས་བསམ་ཡང་མི་ནུས་པ། །དེར་ནི་བདག་གི་དད་པའི་གྲུ་གཟིངས་བརྩོན་འགྲུས་རླུང་དར་བསྐྱོད་པས་ཞུགས། །རྟོགས་བརྗོད་ནོར་བུའི་ཆ་ཤས་རྙེད་པ་ཡི་གེའི་རྒྱལ་མཚན་རྩེ་ལ་བཀོད། །གྲུབ་གཉིས་ཡིད་ཀྱི་ཤིང་རྟ་ཁེངས་འདོད་རྣམས། །ཚུར་གཤེགས་ནོར་བུའི་མཆོག་འདིར་གསོལ་བ་ཐོབ། །ཇི་ལྟར་བསམ་པའི་དགེ་ལེགས་དཔལ་དེ་དག །གེགས་མེད་མྱུར་དུ་ཐོབ་ལ་ཐེ་ཚོམ་བྲལ། །གཞུང་ལུགས་ཆེན་པོའི་དེ་ཉིད་མ་མཐོང་ཞིང༌། །སྐྱེས་སྟོབས་ཤེས་རབ་བརྩོན་འགྲུས་མི་ལྡན་ལ། །སྐྱེ་བོ་ཀུན་གྱི་ཚད་མར་མ་གྱུར་པ། །བདག་འདྲའི་བླུན་པོས་ཚུལ་འདི་མི་རིགས་མོད། །དམ་པའི་ཞབས་པད་ཡུན་རིང་བསྟེན་པ་དང༌། །མཆོག་ཏུ་བརྩེ་བས་ཡང་ཡང་རྗེས་སུ་བཟུང༌། །དད་དང་གུས་པའི་བསམ་སྦྱོར་མི་དམན་པས། །རྒྱལ་དབང་བླ་མ་མཆོག་དེའི་སྐུ་དྲིན་ཐོབ། །གྲགས་འདོད་སྨིག་རྒྱུའི་རྗེས་སུ་མི་འབྲངས་ཤིང༌། །སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བར། །ཅི་མཛད་ཁྱེད་མཁྱེན་བསམ་སྦྱོར་མི་དམན་པས། །རང་གཞན་དོན་དུ་འགྱུར་སྙམ་ངས་འདི་བྱས། །སྒྲོ་སྐུར་དྲི་མའི་རབ་རིབ་རིང་དུ་སྤངས། །མ་ཉམས་ཚིག་གི་དཀྱིལ་འཁོར་རབ་ཏུ་གསལ། །བྱིན་རླབས་འོད་འཕྲེང་གྲངས་མེད་འཕྲོ་བ་འདིས། །སྐལ་བཟང་སྙིང་གི་པདྨོ་ཅིས་མི་འབྱེད། །ཕལ་