[A:༤བ]བྱུང་པ། ཡུལ་ཚ་མོ་རོང་པ། རིགས་རྗེ་རྩད། དེ་གཉིས་ཡུན་དྲུག་གི་ཐོག་མར། ནུ་མོ་ཁབ་ཏུ་བཞེས་སོ།། དེའི་མིང་ཇོ་ལྕམ་ཕུར་མོ། དེ་ལ་སྲས་སློབ་དཔོན་ཀུན་དགའ་འབར་བྱ་བ་ས་སྐྱར་འཁྲུངས། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་ཚད་པའི་སྙུན་གྱིས་ཐེབས་པའི་ཚུལ་བསྟན་ཏེ། རྒྱ་གར་མ་ག་ཏ་རྡོ་རྗེ་གདན་དུ་སྐུ་གཤེགས་སོ།། རྗེས་སུ་ཨ་ཆེ་ཁབ་དུ་བཞེས་པའི་མིང། མ་གཅིག་འོད་སྒྲོན་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་རིན་པོ་ཆེ་བསོད་ནམས་རྩེ་མོ་ཞེས་སུ་གྲགས་པ་དེ་ཆུ་ཕོ་ཁྱིའི་ལོ་ལ་ཆུ་མིག་རྫིང་ཁར་སྐུ་འཁྲུངས། དགུང་ལོ་བཞི་བཅུ་ཞེ་གཅིག་པ། ཆུ་ཕོ་སྟག་གི་ལོ་ལ་སྨལ་པོའི་ཟླ་བའི་ཚེས་བཅུ་གཅིག་གི་ཉིན་སྐར་མ་དབྱུག་པ་ལ་སྒོ་རུམ་དེབ་ཁང་དུ་སྐུ་གཤེགས། དེའི་གཅུང་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་མེ་ཕོ་ཡོས་བུའི་ལོ། སྨལ་པོའི་ཟླ་བའི་ཚེས་བརྒྱད་ལ་སྒོ་རུམ་དུ་འཁྲུངས། དགུང་ལོ་བདུན་བཅུ་པ་མེ་ཕོ་བྱི་བའི་ལོ་ཁྲའི་ཟླ་བའི་ཚེས་བཅུ་གཉིས་ལ། དེ་ཉིད་དུ་སྐུ་གཤེགས་སོ། དེའི་གཅུང་དཔལ་ཆེན་འོད་པོ་ལྕགས་ཕོ་རྟའི་ལོ་སྨིན་དྲུག་ཟླ་བའི་ཉི་ཤུ་ལྔ་ལ། ས་སྐྱར་འཁྲུངས། དགུང་ལོ་ལྔ་བཅུ་ང་བཞི་པ་ཆུ་མོ་ཕག་གི་ལོ་ལ་ཟླ་བ་ལྔ་པའི་ཉི་ཤུ་གཅིག་ལ། ཁ་འུར་གཤེགས། དེས་བཙུན་མོ་གཉིས་བཞེས་པའི་ཆེ་བ་དེ། ཡུལ་དཔོན་པོ་རིའི་རྒྱབ། ག་རའི་ཕུ་ཡིན། མིང་མ་གཅིག་ཉི་ཁྲི་ལྕམ། དེ་ལས་སྲས་ཆོས་