[A:༧༥] གཙང་སྟོད་འདར་གྲང་མོ་ཆེ་ནི། ཚར་ཆེན་བློ་གསལ་རྒྱ་མཚོའི་གདན་སའི་མཐིལ་དུ་མཛད། དེང་སང་ཡང་དེའི་རིང་ལུགས་འཛིན་པའི་སྡེ་མ་ཉམས་པར་ཡོད༎ ༎ ཡར་ཀླུང་བཀྲ་ཤིས་ཆོས་སྡེ་ནི། ཚར་ཆེན་གྱི་སློབ་མ་མཐུ་སྟོབས་ཀྱི་དབང་ཕྱུག་ཡོལ་པ་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཀྱིས་བཏབ། ཕྱིས་སུ་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་སོགས་གནས་གསར་བའི་དཔོན་དང་སྐུ་སྐྱེ་རིམ་བྱོན་གྱིས་སྐྱོང་། དེ་ཡང་དཔལ་ས་སྐྱ་པའི་སྙན་བརྒྱུད་རྒྱ་མཚོའི་མཛོད་འཆང་བ། ཆོས་རྗེ་ཚར་པའི་ལུགས་སྲོལ་འདི་ནི། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གཙོ་བོར་ངོར་ཆེན་རྡོ་རྗེ་འཆང་ནས་མུས་ཆེན་སེམས་དཔའ་ཆེན་པོ་དང་། དེས་བདག་ཆེན་རྡོ་རྗེ་འཆང་ཉིད་ལ་ཆིག་བརྒྱུད་དུ་གནང་། གཞན་ཡང་ཡབ་འཇམ་དབྱངས་ཆོས་རྗེ་ནས་བརྒྱུད་པ་སོགས་བརྒྱུད་སྲོལ་གསུམ་གྱི་བཀའ་ཐམས་ཅད་བདག་ཆེན་རྡོ་རྗེ་འཆང་ལ་བབས། དེ་བཞིན་དུ་གསེར་ཆོས་བཅུ་གསུམ་དང་། མགོན་པོ་ཆེ་ཆུང་སོགས་ཆོས་རྗེ་བླ་མ་དམ་པ་ནས་ཡར་ཀླུང་ཀླུ་པ་རྣམས་ལ་བརྒྱུད་པ་དང་། ཞལ་ངོ་ཆིག་བརྒྱུད་དུ་བྱོན་པ་སོགས་དཔལ་བརྩེ་བ་ཆེན་པོའི་རྣམ་འཕྲུལ། མཁས་པའི་ཅོད་པན། གྲུབ་པའི་གཙུག་རྒྱན། ཟབ་རྒྱས་གདམས་