[B:52a] ཕྱིན་པ་དེ་ལ་བལ་པོར་མི་འགྲོ་བར་ལ་སྟོད་ལྷོར་སྡོད་པའི་ལྟས་སུ་བྱུང་། ངེད་རྣམས་ཀྱིས་དོན་གྲུབ་ནས་ཤི་ཆད་མེད་པར་ཚང་མར་སླེབས་པ་རྗེ་བཙུན་མས་བྱིན་གྱིས་བརླབས་པར་དགོངས་ནས། དེའི་བཏང་རག་ཏུ་ཕྱིར་ལམ་གསོལ་བ་བཏབ་ཅིང་ན་བཟའ་རས་ཡུག་གཅིག་འབུལ་བ་གནང་། དེ་རེས་ལ་སྟོད་ལྷོར་དཔོན་སློབ་ལྔས་བཞུགས། གཞན་དགེ་བའི་བཤེས་གཉེན་བདུན་གྱིས་ཉི་མ་ལྡོག་གདོང་ལ་བལ་པོར་བྱོན། པཎ་ཆེན་སྤྱན་འདྲེན་པའི་སྦྱོར་བ་ལ་བརྩོན་པར་བགྱིས་ཀྱང་ཁོ་ཁོམ་གྱི་རྒྱལ་པོ་དང་། བོད་ཀྱི་གནས་པོ་ཀོ་ཀ་སེའུ་ལ་སོགས་པའི་འདོད་པ་མ་ཁངས་པར་རྒྱུན་རིངས་སུ་འཐོགས་ནས། ལ་སྟོད་དུ་སྐད་ཆ་གང་ཡང་མ་སླེབས། ནང་ཟླ་དྲོས་པའི་སྟོབས་ཀྱིས་ས་གཞི་དྲོ་ས་རྣམས་སུ་སྔོ་མང་དུ་སྐྱེས་པའི་སྐབས་སུ་ཐུགས་ཀྱང་ཅུང་[A:123]ཟད་མ་བདེ་བར་གྱུར་པ་ན། ལུང་པ་རལ་གསུམ་འདུག་པའི་དབུས་མ་དེ་སྐུ་ལུས་སུ་གྱུར། གཡས་མ་དེ་ཕྱག་གཡས་སུ་སོང་ནས་རལ་གྲི་ཅིག་བཟུང་། གཡོན་པ་དེ་ཡང་ཕྱག་གཡོན་དུ་སོང་ནས་ཕུབ་ཅིག་བཟུང་བའི་རྗེ་བཙུན་བི་རཱུ་པའི་སྐུ་ཤིན་དུ་ཆེ་བ། གྲུབ་པའི་དབང་ཕྱུག་གི་ཆ་ལུགས་ཅན་གཟི་མདངས་དང་ལྡན་པ་ཞིག་གི་མདུན་ན་། རྒྱུ་རྡོ་ལས་གྲུབ་པ། རྡོ་ལ་འབུར་དུ་དོད་པ་སྙམ་བྱེད་པའི་པཎྜི་ཏ་འཁོར་དང་བཅས་པ་ཧ་ཅང་ཁ་དོག་མཚར་བ་མིན་ཙམ་ཞིག་འདུག བི་རཱུ་པ་དེས་དེའི་བསྲུངས་མ་བྱེད་པ་ཡིན་ཟེར་བ་ཞིག་བྱུང་། མནལ་སད་པ་དང་པཎ་ཆེན་ཅུང་ཟད་འགོར་བ་ཞིག་ལ་ཕེབས་པའི་མཚན་མར་དགོངས་པ་ཡིན་ནོ། དགུང་ལོ་བདུན་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་རྟའི་ལོ་
1462ལོ
ལ་སྟག་ལུང་ཕེབས་ནས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་དང་། གསང་བ་འདུས་པ་འགྲེལ་པ་དང་བཅས་པ་ལ་སོགས་པའི་སྔགས་མཚན་ཉིད་ཀྱི་གཞུང་ཆེན་མོ་དུ་མ་དང་། རྒྱ་བོད་ཀྱི་གདམས་པ་མང་པོ་འབུལ་པའི་སྐབས་སུ་ཟླ་བ་བཅུ་གཉིས་པའི་ནང་དུ། དུས་འཁོར་སྒྲུབ་ལེ་གསུང་བའི་དུས། བུད་མེད་ནག་མོ་གོས་ཧྲུལ་བ་རྒྱན་ཆ་མེད་པ་ཞིག་བྱུང་ནས། ཆོས་གསུང་བའི་ཕྱག་དཔེ་ཕྱག་ན་རྣམས་ནས་འདུག་པ་སྙམ་བྱེད་པ་ལ། མོ་ན་རེ་ཁྱེད་