R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 52b
[B:52b] ཀྱིས་ཕྱག་གི་ཆོས་གསུང་འཕྲོ་དེ་ཡང་ང་ལ་ཚུར་ཐོང་། ད་དེ་དཔོན་སློབ་ཀྱང་སྔར་བཞིན་མི་འོང་བར་འདུག་ཟེར་བས། བར་གཅོད་དུམཁྱེན་ནས། དཔེ་ཆ་བསྣམས་ནས་བྲོས་པས་དེའི་ལག་ཏུ་ཕྱག་དཔེ་ཡང་མ་ཤོར་བར་ཐར་བ་ཞིག་བྱུང་གསུང་ནསདེའི་སང་དེ་ཆོས་ཇ་སྐོལ། ཆོས་གསན་མཁན་རྣམས་ལའང་རྣམ་བཞག་རེ་མཛད་དོ། གཞན་ཡང་ཆིབས་པ་གཅིག་ལ་ཆིབས་ནས་གྱེན་ལ་ཕེབས་པ་ན་ཇག་པ་མང་དུ་བྱུང་བས། མགྱོགས་པར་གཏོང་བཞེད་ཀྱང་ཆིབས་པ་འགྲོ་མ་ཤེས་པའི་ངང་ལ་ཇག་[A:124]པ་གོ་མཚོན་ཅན་མང་པོས་རྒོལ་དུ་བྱུང་པའི་ཚེ། རྟའི་སུག་པོ་བཞི་ནས་ཕྱག་གིས་བསྡུས་ཏེ། ནམ་མཁའ་ལ་གཤེགས་པས་གནོད་པར་མ་ནུས་པ་ལ་སོགས་པ་དུ་མ་ཞིག་གསུང་བ་དེས་མཚོན་ནས། སྙུང་དྲག་པོས་ཐེབས་པའི་དུས་གཞན་དུའང་། རྨི་ལམ་གྱི་ལྟས་བཟང་པོས་བར་ཆད་བཟློག་པའི་ལོ་རྒྱུས་མང་དུ་ཡོད་མོད་ཀྱི། ཕལ་ཆེར་ཟིན་བྲིས་སུ་མ་ཐེབས་ཤེས་གླེང་ངོ་། དུས་ཕྱིས་འོན་གྱི་མདའ་གསས་ཁང་རྩེ་མིན་གཞན་ཡང་དགོན་ཕོ་བྲང་དུ་བཞུགས་ཤིང་། བདག་ཀྱང་ཞབས་དྲུང་ན་བསྡད་པའི་ཉིན་གཅིག་ཕྱི་དྲོ། མནལ་ཅུང་ཟད་བྱུང་བ་ལ། གཟིམས་ཁང་གི་ནང་ཐམས་ཅད་བུད་མེད་ཀྱིས་གང་བས་དེ་བར་ཆད་དུ་མཁྱེན་ནས། ཕྱག་དཔེ་པོ་ཏི་རྣམས་རྒྱབ་ཅིང་གསུང་དྲག་པོས་བསྐྲད་པས། ཕྱོགས་ཀུན་དུ་བྲོས་སོང་། ཞེས་བདག་ལ་བཀའ་གནང་ནས་ཞག་གཅིག་གི་བར་དུ་གསུང་འཛེར་བ་ཙམ་མ་གཏོགས། དཔོན་སློབ་ཐམས་ཅད་ལ་ཉེར་འཚེ་ཅི་ཡང་མ་བྱུང་བ་མངོན་དུ་གྱུར་ཏོ། ༢༣ སྒྲིབ་པ་མེད་པའི་ཆོས་ཀྱི་སྒོ་ཕུལ་དུ་བྱུང་བ་མངོན་དུ་བརྙེས་པ་ཞེས་པ་ནི། སྔར་ཟུར་ཙམ་སྨོས་པ་བཞིན། རོང་སྟོན་སྨྲ་བའི་སེང་གེ་ཆེན་པོ་སྙེ་ཕུ་ན་ཆོས་གསུང་བའི་སར་བྱོན་ནས། དཔོན་སློབ་ཐམས་ཅད་བྱང་ཆུབ་གླིང་དང་ཆུ་ཤུལ་རྫོང་དུ་ཆོས་བར་བཏེག་པའི་དུས། བཟད་པ་ཆོས་རྒྱལ་བཟང་པོས། རོང་སྟོན་ཆོས་རྗེ་དཔོན་སློབ་འགའ་ཞིག་བཟད་མཐོངས་སྨོན་དུ་གདན་དྲངས་པའི་ཕྱགས་ཕྱིར་བྱོན་ནས། དགེ་བཤེས་ཁ་ཅིག་ཆོས་ཀྱི་འབེལ་གཏམ་གྱིས་ཚིམ་པར་མཛད་པའི་སྐབས་སུ། ཕྱིའི་སྐྱེད་ཚལ་དུ་གུང་སངས་ལ་ཕེབས་ཏེ། ཁམ་བུའི་སྡོང་པོའི་བསིལ་གྲིབ་ལ་བཞུགས་པའི་ཚེ། དེ་བཞིན་གཤེགས་པའི་སྙིང་[A:125]