[B:53a] པོ་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་ལ་ཐུགས་ཀྱི་ངེས་ཤེས་ཡང་དག་པ་སྐྱེས་ནས་། དེའི་ཆོས་སྐད་ཕྲ་ཞིབ་རྣམས་སྐད་ཅིག་ལ་མཁྱེན། སྔར་གླན་སྟོན་རྡོ་རྗེ་འོད་པོས་སྦྱར་བ་རྙིང་མའི་བསྡུས་པར། བདེན་གཉིས་ལྡོག་ཐུབ་བཤད་པ་ལ་ཐུགས་མ་མགུཡང་། དེ་ནས་བཟུང་སྟེ་དེ་ལ་ཐུགས་དགྱེས་པར་བྱུང་། ཆོས་ཐོག་དེ་གྲོལ་རྟིང་རྩེ་ཐང་དུ་བྱོན་པས། གོང་མ་གྲགས་པ་འབྱུང་གནས་ཀྱིས། རྗེ་འདི་གསུང་རབ་ཐ་སྙད་ལོ་རྒྱུས་མཐའ་དག་ལ་རྣམ་དཔྱོད་ཡངས་པ་ཐམས་ཅད་ལ་ཐུགས་འཇུག་ཅིང་འབེལ་གཏམ་མཛད་ཚུལ་ལ་དགྱེས་ནས། ཕྱག་ཕྱིར་འཁོར་མར་བཞུགས་དགོས་པ་བྱུང་བས། རང་གཞན་གྱི་དོན་ལ་གནོད་པར་དགོངས་ཏེ། རྒྱ་ནག་རི་བོ་རྩེ་ལྔ་ལ་བཞུད་པར་བརྩམས་ཡང་སྟབས་མ་འགྲིགས་པའི་འཚམས་སུ། ཙ་རི་སྐོར་དུ་བྱོན་ཆོག་པ་གྲུབ་ནས། གནས་ནང་དང་དྭགས་པོར་ཡུན་ཅི་རིགས་སུ་བཞུགས་ཏེ། དགུང་ལོ་ཞེ་དགུ་པ་ལྕགས་ཕོ་སྤྲེའུའི་
1440ལོ
སྟོན་མཇུག་སླར་དབུས་སུ་ཕེབས་པར་བཞེད་པའི་ཚེ། སྒམ་པོ་མཇལ་དུ་ཕེབས་པས། སྒམ་པོའི་རྒྱབ་རི་བྲག་དེ་རྣམས་ཀྱང་གནོད་སྦྱིན་ཆེན་པོ་དག་གིས་ལག་ན་རིན་པོ་ཆེས་ཡོངས་སུ་གང་བའི་སྣོད་ཐོགས་ཏེ་སྒམ་པོའི་ཕྱོགས་སུ་འབྱོར་བ་སྙམ་བྱེད་པ་བྱུང་སྟེ། གསལ་སྣང་ཅན་ནི་མིན་གསུང་། རྗེ་སྒམ་པོ་པའི་སྐུ་འདྲའི་དྲུང་དུ་བྱོན་པས། ཕ་ཟད་ནས་དངོས་སུ་བཞུགས་འདུག་དགོངས་པ་བྱུང་། ཕྱག་དང་མཆོད་པ་ཕུལ་ནས། ཟངས་ལུང་དུ་བཞུད་པས། འཇགས་སྤྱིལ་ནང་གི་རྗེ་བཙུན་མི་ལའི་སྐུ་འདྲ་བཞུགས་པའི་སྤྱན་སྔར་ཕེབས་པའི་དུས་སུ། རྗེ་བཙུན་དངོས་རང་དུ་གཟིགས། དེ་མ་ཁད་སྐུ་འདྲ་རང་དུ་སོང་། དཔལ་ཕག་མོ་གྲུ་པས་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་ས་དེའུ་ཤར་མའི་སྟེངས་སུ། འདིར་དཔལ་ཕག་མོ་གྲུ་པས་བདེན་པ་གཟིགས་པ་ཡིན་དགོངས་པའི་ཐུགས་ཀྱི་དད་པའི་[A:126]སྟོབས་ལྷག་པར་རྒྱས་བཞིན་པས་ཕེབས་ཏེ། རེ་ཞིག་གི་བར་དུ་བཞུགས་ནས་དགོངས་པ་ལེགས་པར་བཏང་བས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་རང་བཞིན་གྱིས་འོད་གསལ་བ་འཁོར་འདས་ཐམས་ཅད་ཀྱི་གཞི་བོ་གང་ཡིན་པ་དེའི་གནས་ཚུལ་ཐུགས་སུ་ཇི་ལྟ་བར་བྱོན་ཏེ། སངས་