R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 55a
[B:55a] ཅད་ལ་ཡང་དག་པར་རྣམ་དཔྱོད་སྟོབས་སུ་གྱུར་པས་དོན་གཅིག་ལའང་ལན་མང་དུ་དཔྱོད་པ་འཇུག དེའི་སྟོབས་ཀྱིས་འདི་ཙམ་མཁྱེནའདི་ཙམ་མི་མཁྱེན་ཞེས་ཞལ་སྔ་ནས་རང་ཉིད་ཀྱིས་ཚད་བཞག་པ་དཀའ་བར་གྱུར་པ་ཡིན། དེ་ལྟ་བུའི་མཁྱེན་པ་མཐའམི་མངོན་པ་དེ་ཡང་སྔོན་གྱི་སྦྱངས་པ་ཆེན་པོ་མང་དུ་སོང་བའི་མཐུ་དང་། སྐུ་ཚེ་འདིར་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ལ་རྗེན་འཇུས་མཛད་པའི་སྟོབས་དང་། རྣམ་པར་དཔྱོད་པ་གཞན་པས་ཁྱད་པར་དུ་གྱུར་པའི་མཐུ་ལས་ཡིན་གྱི། དེའི་ཆེད་དུ་ཡི་དམ་ལ་བསྙེན་པ་བསྐྱལ་བ་ལྟ་བུའི་སྟོབས་ཀྱང་མ་ཡིན་ནོ། ལན་ཅིག་སྐྱམ་ཆད་པ་སྟེངས་སུ་[A:130]བཞུགས་པའི་དུས། དབོན་པོ་ཟླ་གྲགས་པ་ལ། ཞལ་སྔ་ནས་དབོན་པོ་ཁྱེད་ཀྱིས་ངའི་ཡོན་ཏན་ལ་པོ་ཏི་འདི་ཙམ་ཞིག་ཤེས་པར་འདུག་ཟེར་བའི་ཚད་ཅིག་ཞོག་གསུང་པས། སངས་རྒྱས་རངཡིན་མོད། ངས་ཚད་ག་ན་ཟིན་ཞུ་བ་ལ། དེ་སྐད་མ་ཟེར་བར་ཚད་གཞོག་གསུང་ཡང་ཁོང་གིས་མ་སྤོབས། འོ་ན་ང་རང་གིས་བཞག་ཅིག རྩེ་ཐང་ཆེན་པོ་དཔལ་ལྡན་བཟང་པོ་བ་འདི་ཚད་མ་མཁས་པ་ཡིན་ནམ་གསུང་། ཁོང་སྤྱིར་སྐུ་ཡོན་ཏན་ཆེ་ཞིང་། ཁྱད་པར་རྣམ་འགྲེལ་ལ་མཁས་པ་ཡིན་ཞུ་བར་གདའ་ཞུས་པས། ད་པོ་ཏི་ཤེས་པའི་ཚད་དེ་ལ་ཞོག དེའི་དབང་དུ་བྱས་ན་པོ་ཏི་སྟོང་ཙམ་ཞིག་ཤེས་པར་འདུག། རྙིང་མའི་སྐོར་རང་ལའང་དང་པོ་པོ་ཏི་བཞི་བཅུ་རྩ་ལྷག་ཅིག་ཤེས་ཀྱི་ཡོད་པ་ཡིན་གསུང་། དེ་ནས་རིང་ཞིག་ལོན་པ་ན། ལྗང་གི་བཀྲ་ཤིས་དགོན་པར་དགེ་བའི་བཤེས་གཉེན་དག་ལའང་དེ་དང་རྗེས་སུ་མཐུན་པར་བཀའ་མཆིད་ཀྱིས་རྨེད་པར་མཛད་ཅིང་། དེ་དང་ཧ་ཅང་མི་རིང་བའི་དུས་ཤིག་ཏུ་ངེད་རང་གིས་ཁར་བཏོན་ན་མི་རྣམས་བདག་ཉིད་སྒྲོག་པར་མཐོང་ནས་མ་དད་དུ་འོང་། གསུང་རབ་ལ་འཇུག་པའི་ཤེས་རབ་ལེགས་པར་བྱང་ནས། གང་གི་དོན་ལ་འཇུག་ཀྱང་ཚེགས་མི་སྣང་བས་མི་གོ་བའི་གསུང་རབ་ཙམ་མི་འོང་བར་འདུག སྔར་གཅིག་ཀྱང་མཐོང་མ་མྱོང་བའི་ཆོས་ཅིག་བྱུང་ནའང་དེ་དལ་བྲེལ་རན་པ་ཚར་གཅིག་བཀླགས། དེ་ནས་པོ་