[B:55b] ཏི་དེ་ཞལ་ལྟ་བ་ནས་དེའི་དབུ་ཞབས་ཀྱི་དོན་ཐམས་ཅད་བཤད། དེ་ནས་དཔེ་ཆ་དེའི་སྟེང་ནས་འབྲུ་མནན་ཞིང་ལེགས་པར་བཤད་ཐུབ་པར་འདུག་ཚར་གཅིག་བཀླགས་པ་དེ་སློབ་གཉེར་གྱི་ཚབ་ཡིན་གསུང་། དུས་དེང་སང་གི་གནས་སྐབས་ན་ནི། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། འཆི་བའི་ཚེ་ན་བྱིས་པ་མྱ་ངན་བྱེད། ཅེས་བྱ་བའི་དུས་ལ་ཁོ་བོ་བབ་འདུག འགྱོད་པར་བྱས་པ་གཞོན་དུས་བརྒལ?སྒལ[A:131]་ཚིགས་མ་སྲང་བ་དེ་ཡོད། འོན་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་དག་པར་བྱེད་པའི་ཆོས། མོས་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། སྙིང་རྗེ་སྟེ་བཞི་གསུངས་པ་ལས་མོས་པ་ལ་ལག་པ་ཐེབས། དེའི་དོན་གྱིས་ད་ལྟར་ཁྱོད་ཀྱི་མདོ་སྡེ་ཇི་སྙེད་ཅིག་ཀློག་པ་དེ་ཐམས་ཅད་ལ་མི་གོ་བ་གཅིག་ཀྱང་མི་འོང་བར་འདུག་ཅེས་སློབ་དཔོན་སྨོན་ལམ་གྲགས་པ་ལ་བཀའ་གནང་ཡང་དེའི་ཕྱི་ཞིག་ན། བདེ་བར་གཤེགས་པའི་གསུང་རབ་ལ་མཐའ་ནི་མེད། འོན་ཀྱང་མཐོང་བ་ཐམས་ཅད་ལ་མི་གོ་བ་མི་འོང་བར་འདུག་གསུང་། ཕ་རོལ་དུ་ཕྱིན་པ་དང་གསང་སྔགས་ཀྱི་ཕྱོགས་གང་ལའང་མཁྱེན་པའི་མཐའ་མི་མངོན་པ་ཡང་རྒྱ་ཇེ་ཆེ། དཔངས་ཇེ་མཐོ། གཏིང་ཇེ་ཟབ་ཏུ་འགྲོ་བར་སྣང་སྟེ། ཞི་བར་གཤེགས་ཁར་ཡང་། རྒྱུད་བླ་མའི་འགྲེལ་བཤད་བརྩོམ་པའི་སྐབས་ལས་དོན་གྱི་གོ་བ་ངན་དུ་མ་སོང་བར་འདུག་ཅེས་དང་། སྐབས་སུ་དེ་རིང་དེ་བློ་བསྐྱེད་ཆེ་ཞེས་གསུང་བའང་མང་དུ་གནང་བར་འདུག དགེ་བའི་བཤེས་གཉེན་ཁ་ཅིག་ལ་ལོ་མང་དུ་ལོན་ནས་གཞོན་དུས་མཁས་པར་བསླབས་ཤིང་ཚིག་ཀྱང་བྱང་བར་བྱས་པ་དེ་ཐམས་ཅད་ནོགསཏེ་བགྲོས་གླེངས་ལ་ལངས་པའི་ཚེ་གཞུང་གི་འཇོག་ཀྱང་རང་བས་གཞོན་པ་ལ་འབུལ་དགོས་ཤིང་། ན་ནིང་བར་ལེགས་པར་བསླབས་པ་ཡིན་ཏེ་ཟེར་ནས་ཡི་མུག་པའི་གཏམ་དག་གཏོང་བར་བྱེད་པའང་མཐོང་ངོ་། ཞལ་སྔ་ནས་ནི་དགུང་ལོའི་ཕུང་པོ་འདི་ཙམ་ཞིག་ལ་ཞབས་བཀོད་པར་མཛད་ཀྱང་། རྐྱེན་འཛོམ་ན་གསུང་ཐམས་ཅད་ཇེ་གསལ། རྣམ་པར་བཤད་པ་ཐམས་ཅད་ཇེ་རྒྱས། འབེལ་བའི་བཀའ་མཆིད་ཐམས་ཅད་ཇེ་འཕེལ། རྒྱལ་བའི་གསུང་རབས་ཐམས་ཅད་ལ་སྣང་བ་ཇེ་ཡངས། ཐ་སྙད་ཀྱི་འཇོག་