R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 56a
[B:56a] འཚམས་ཐམས་ཅད་ཇེ་ཕྲ། གསན་ཞིང་གཟིགས་པ་ཐམས་ཅད་ཇེ་མང་། ཐུགས་ཀྱི་རྣམ་པར་དཔྱོད་པ་ཐམས་ཅད་ལ་ཇེ་[A:132]བརྩོན་དུ་གྱུར་པ་ཡིན་ནོ། བདག་གིས་མངོན་དུ་གྱུར་པ་ལ། ཡང་དགོན་ཕོ་བྲང་དུ། ཁོ་བོ་དང་དཀའ་བཅུ་བ་གྲགས་པ་མཐའ་ཡས་ལ། མདོ་སྡེ་རྒྱན་འགྲེལ་པ་དང་བཅས་པའི་བཤད་པ་རྒྱ་ཆེར་གནང་བའི་དུས་སུ། དེའི་བྱང་ཆུབ་ཀྱི་སྐབས་དང་། འཕགས་པ་སངས་རྒྱས་ཀྱི་ས་མཐུན་པར་ཐུགས་སུ་ཆུད་དེ། ཕྱིས་དེ་གཉིས་ཀྱི་སྦྱར་བཤད་ཀྱི་རྩོམ་པའང་མཛད་པ་སོགས། ཐུགས་བསྐྱེད་བྱུང་ཚུལ་གསུང་བ་ཐོས་པ་དེས་མཚོན་ནས་བརྗོད་ཀྱིས་མི་ལང་པ་བྱུང་བ་འདྲའོ། མདོ་སྔགས་ཀྱི་ཆོས་གསུང་པའི་དུས་ཀྱི་ཀུན་དུ་སྤྱོད་པ་ནི། སྔར་སྔ་མོའི་དུས་སུ་དབང་མདོར་བསྟན་པ་གསུངས་པའི་ཚེ། དེ་རིང་འདི་ཙམ་ཞིག་གསུང་ངོ་དགོངས་ཏེ་ཐུགས་ཀྱིས་ལེགས་པར་དཔྱད་པ་རྣམས་ཉན་པ་པོས་སླེབ་པའི་ཚེ་ཁོ་རང་དང་འཚམ་པ་ཞིག་མ་གཏོགས་མི་འཆར་བར་འདུག་གསུངས། དུས་ཕྱིས་ཆོས་གསུང་བ་རྣམས་ཀྱང་། ང་ལ་དེ་རིང་འདི་འདྲ་ཞིག་འཆད། འདི་འདྲ་ཞིག་མི་འཆད་ཅིག་ཀྱང་མེད། ཁྱེད་རང་ཚོ་ཚོགས་ནས་གང་བབས་པ་དེ་ཡིན། ཞེས་གསུངས། རེས་ནི་ཤིན་ཏུ་རྒྱས་པ་དང་། རེས་ནི་ངོ་ལོན་ཙམ་གསུངས། དེའི་དོན་གྱིས་ད་ལན་གྱིས་ཆོས་བབས་པར་འདུག ད་ལན་མི་བབས་པར་འདུག་ཅེས་བྱ་བའི་གཏམ་ཡང་གཉུག་མར་གནས་པ་དག་ལ་ཡོད་དེ། ཆོས་གྲྭ་དེ་ན་དགའ་ཚད་པ་རེ་རེ་ཡོད་ཀྱང་དེས་གསུང་ཆོས་དེས་ལོག་གནམ་ལོག་ཏུ་འགྲོ་བ་དང་། སྐལ་བ་ངན་པ་གྲིབ་ཀྱི་ཁུར་པོ་ཁུར་བ་ཞིག་ཡོད་ན་འཕྲལ་དུ་གསུང་ཡང་འཛེར་བ་དང་། བཤད་པ་རྣམས་ཀྱང་འུར་དུམ་དུ་འགྱུར། དེ་ལྟ་ན་བཤད་པ་ཐམས་ཅད་གདུལ་བྱ་དང་མཐུན་པ་རང་འཆར་བ་ཡིན་གྱི། སྣོད་དང་ལྡན་ཡང་རུང་མི་ལྡན་ཡང་རུང་སྟེ། སྟོན་པ་པོ་རང་གི་བློ་ལ་གང་གནས་པ་དེ་ཉིད་འཆད་པའི་ཚུལ་ལས་འདས་པ་མངའོ། གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོར། [A:133]རིགས་ཀྱི་བུ་གང་གི་ཚེ་ཐོས་མ་ཐག་ཏུ་ཆོས་ཀྱི་སྒོའི་ཚིག་གཅིག་གིས་དྲིས་པའི་ལན་རྣམ་པར་བྱེ་བ་ཁྲག་