R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 62a
[B:62a] པོ་ལ་གསང་འདུས་སྒྲོན་གསལ་གྱི་བཤད་པ་དང་། ལྷ་བཙུན་བསོད་ནམས་དཔལ་ལྡན་པ་ལ་སོགས་པ་ལ་སྤྱོད་བསྡུས་སྒྲོན་མ་གནང་། དེའི་སྟོན་སྨིན་རི་བ་བླ་མ་བསྟན་པ་རྒྱལ་མཚན་པ་དཔོན་སློབ་བྱོན་ནས་ལམ་སྙིང་པར་གསུམ་ཟླ་བ་ཕྱེད་ལ་ཐོན་པའི་བཤད་པ་ཞུ་གསུང་བས་ཞག་བཅུ་ལ་བཤད་པ་རྒྱས་པ་གྲུབ། ཕག་ལོའི་དགུན་བསྙེན་པར་རྫོགས་པ་མང་པོའི་ལས་སློབ་ཀྱང་མཛད། བྱི་བ་ལོའི་དཔྱིད་རྩེས་ཐང་དུ་དཀའ་བཅུ་བ་ནམ་རྒྱལ་གཙོ་བོར་གྱུར་པ་ལ་དབང་མདོར་བསྟན་གྱི་བཤད་པ་ཟླ་བ་ཕྱེད་ཀྱི་བར་དུ་གསུངས། ཡང་དགོན་པའི་བར་དོ་འཕྲང་སྒྲོལ་གྱི་ཁྲིད་ཀྱང་གནང་། དེའི་དབྱར་སོས་བླ་མ་བསྟན་པ་རྒྱལ་མཚན་པས་སྤྱན་དྲངས་ནས་སྨིན་རིས་སུ་ཕེབས་ནས་དགེ་བཤེས་མང་པོ་དང་ཁྲིད་ཐོབ་ཀྱི་བན་མོ་བརྒྱསྐོར་རེ་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་དང་། བརྟག་གཉིས་ཀྱི་རྡོ་རྗེ་སྙིང་འགྲེལ་གནང་། ཚོགས་ཆོས་ཉིན་གཅིག་གསུངས། གྲ་པ་ཐམས་ཅད་ཐུགས་དད་ཅིང་ཞབས་ཏོག་ཀྱང་མང་དུ་ཞུས། དེའི་སྟོན་སྐྱམ་གྱི་འཆད་པ་སྟེངས་སུ་བཞུགས་དུས་སྨན་ཅིག་ཏུ་ཞི་བྱེད་སྐོར་རྣམས་གསན་པར་བཞེད་ནས་ཡར་རྒྱབ་དུ་དེའི་བར་གྱི་སྦྱིན་བདག་ཞུ་བ་དང་ཆོས་ཀྱི་སྙན་ཞུས་འབུལ་བ་ལ་འཕགས་པ་བསོད་བཀྲས་པ་བཏང་བས་རྟེན་འབྲེལ་ལེགས་པར་འགྲིག སྨན་གཅིག་ཏུ་ལམ་ལྔའི་ཁྲིད་གྲོལ་རྟིང་ལུང་ལ་ཟུག་པའི་དུས་སུ་སྔ་དྲོ་བླ་མ་ཀུན་དགའ་རྡོ་རྗེ་བ་དང་། འཚོ་བྱེད་ཆོས་དཔལ་བ་ལ་སོགས་པ་མང་བོ་ལ་གཡུང་སྟོན་པའི་ཊི་ཀའི་སྟེང་ནས་གསང་སྙིང་གི་བཤད་པ་དང་། ཉིན་ཅིག་ཆོས་རྗེའི་ཁྲི་ལ་བཞུགས་ནས་ཚོགས་[A:147]ཆོས་ཀྱང་གསུངས། དེ་རྗེས་ཆོས་རྗེ་སྨན་གཅིག་པ་རང་གིས་གཙོ་མཛད་པའི་དགེ་བའི་བཤེས་གཉེན་མང་པོ་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་། སྒྲོལ་མ་ལྷ་བཅུ་བདུན་མ་ཆོས་རྒྱལ་འཕགས་པའི་ཡིག་ཆའི་སྟེང་ནས་དབང་ལ་སོགས་པ་གནང་། བླ་མ་ཀུན་དགའ་རྡོ་རྗེ་བས་གསོལ་བ་ནན་ཏན་དུ་བཏབ་ནས་ཡང་དག་གི་དབང་གནང་བར་བརྩམས་པའི་ནུབ་མོ། རྩ་བ་དང་རྒྱུད་པའི་བླ་མ་རྣམས་ནམ་མཁར་བྱོན་པ་ཐམས་ཅད་ན་བཟའ་ངན་ཞིང་བཞུགས་ཚུལ་སྣ་ཚོགས་པ་ཅིག་མནལ་ལམ་དུ་བྱུང་ནས་མ་མཛད། དེར་བཞུགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དང་སྒོམ་ཆེན་ཕོ་མོ་དང་ཉ་མ་ཐམས་