R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 62b
[B:62b] ཅད་བྱིན་རླབས་མི་ཐོབ་པ་ཙམ་དུ་ཞུ། དད་ཅིང་གུས་པར་བྱུང་ངོ་། མེ་མོ་གླང་གི་དབྱར་རྩེས་ཐང་དུ་བཞུགས། དེའི་སྟོན་སྣེའུ་གདོང་ནང་སོ་ནས་སྦྱིན་བདག་དང་དོ་དམ་ཆེན་པོ་མཛད། མཁན་ཆེན་ཀུན་དགའ་རྒྱལ་མཚན་པ་གཙོ་བོར་གྱུར་བའི་དགེ་བའི་བཤེས་གཉེན་མང་པོ་ལ་ས་ཕུར་ལྷ་ཁྲའི་དབང་དྲག་པོ་བསྒྲལ་དབང་དང་བཅས་པ་གནང་། དེའི་ཚེ་དཀྱིལ་འཁོར་གྱི་སྟེང་དུ་འབུ་ཕྱིན་པའི་རྗེས་ཐལ་མར་ཡོད་པ་བྱུང་བ་སྦྱིན་བདག་ལ་ལྟ་བར་འདུག་གསུང་། དགུང་ལོ་དྲུག་བཅུ་རྩ་བརྒྱད་པ་ས་མོ་ཡོས་ཀྱི་སྟོན་རྡོ་རྗེ་འཛིན་པ་རྡོར་བཟང་པས་གསོལ་བ་བཏབ་ནས་ཡིད་བཟང་རྩེར་སྡེ་སྣོད་འཛིན་པ་ཆེན་པོ་བློ་གྲོས་སེང་གེ ཆོས་འཕེལ་བཟང་པོ། ཡོན་ཏན་རྒྱ་མཚོ། བསོད་ནམས་དཔལ་ལྡན། གཞོན་ནུ་དབང་ཕྱུག་བླ་མ་བསྟན་པ་རྒྱལ་མཚན་པ་ལ་སོགས་པ་རྣམས་ཀྱང་སྐུ་མཚམས་སུ་བཅུག་ནས། ཐོག་མར་གསང་འདུས་རིམ་ལྔའི་བཤད་པ་ཤིན་དུ་རྒྱས་པ། དེ་ནས་འགྲེལ་པ་སྒྲོན་གསལ་གྱི་བཤད་པ་ཞིབ་པར་གསུངས། དེ་གྲོལ་འཕྲལ་དུ་བླ་མ་བསྟན་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས། སྒྱུ་འཕྲུལ་ཞི་ཁྲོ་དང་དོང་སྤྲུགས་ཀྱི་དབང་གནང་། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་གྱིས་[A:148]མཆོད་གཡོག་ཕལ་ཆེར་བ་མཛད། དབང་ཞུ་ཡང་ཆོས་ཀྱི་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་དང་། ཆེན་པོ་དཔལ་འབྱོར་རྒྱ་མཚོ་བ་དང་། བུ་ཚལ་བའི་ལྷ་བཙུན་པ་ལ་སོགས་པ་ཤིན་དུ་མང་བར་འདུས། འབྲུག་གི་ལོ་ལ་རྡོ་རྗེ་འཛིན་པ་རྡོ་རྗེ་བཟང་པོ་བས་གསོལ་བ་བཏབ་ནས། བརྟག་པ་གཉིས་པའི་སྤྱི་བཤད་དང་གཞུང་དོན་རྒྱ་ཆེན་པོ་གསུངས། འཇམ་དཔལ་གསང་ལྡན་རྔོག་པའི་ཊི་ཀ་དང་བཅས་པ་དང་། མཚན་བརྗོད་འགྲེལ་པ་སྔགས་དོན་རྣམ་གཟིགས་ཀྱི་སྟེང་ནས་བཤད་པ། ཇོ་བོའི་ཆོས་ཆུང་བརྒྱ་རྩ་ལ་སོགས་པ་མང་དུ་གསུངས། སྟོན་མ་དབྱར་གྱི་དུས་སུ་དཔལ་ཀུན་བཟང་རྩེ་པ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ལེགས་པར་གནང་། དེའི་དགུན་འབྲུག་པ་རིན་པོ་ཆེ་ཀུན་དགའ་དཔལ་འབྱོར་ལ་པཎ་ཆེན་རིན་པོ་ཆེའི་ལུང་བསྟན་ལ་དུས་འཁོར་འདིར་ཞུས་གསུང་བ་ཡོད་པ་ཡིན་ཟེར་ཏེ་ཕེབས། བཀུར་སྟིས་མཉེས་པར་མཛད། ཁོང་དཔོན་སློབ་