R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 63a
[B:63a] མང་ཞིང་ཡུན་དུ་བཞུགས་པ་དཀའ་བ་དང་། དུས་ཀྱང་དགུན་ཉི་མ་ཤིན་དུ་ཐུང་བའི་དུས་ཡིན་པས་ཆོས་གསན་མཁན་ཐམས་ཅད་སྐུ་མཚམས་སུ་བཅུག གདན་གཅིག་ཚ་བཞེས་གྲོལ་འཕྲལ་དུ་ཉི་མ་མ་ནུབ་ཀྱི་གོང་ཙམ་དུ་གྲོལ་བའི་ཆོས་ཐུན་ཤིན་ཏུ་ཆེ་བར་གསུངས་པས་ཡུན་ཟླ་བ་གཉིས་ལ་བཤད་པ་རྫོགས་པར་མཛད། སྐབས་འདིར་སྟག་ལུང་ནས་ཆོས་རྗེ་རིན་པོ་ཆེའི་བཀའ་ཤོག་དཔོན་གཉེར་ཆེན་པ་དང་མཇལ་སྣ་བ་ལ་སོགས་པས་ཁྱེར་བ་ལ། སྟག་ལུང་ཕེབས་པ་ཞུ། ངེད་ཆོས་ཞུ་བ་ཡིན། ད་ལན་གཉེར་ཚང་པ་དང་ལྷན་དུ་ཕེབས་སྟབས་ཀྱང་བདེ་གསུང་བ་ལ། དཔལ་ལྡན་རྒྱལ་བའི་རབས་ཏེ་ཁ་ན་མ་ཐོ་མེད། མང་དུ་གསན་པའི་ཆུ་བོས་མི་ངོམས་རྒྱ་མཚོ་ཆེ། འགྲོ་བའི་བླ་ན་གདུགས་དཀར་བཞིན་དུ་རྣམ་མཛེས་པ། དམ་པའི་ཆོས་ཀྱི་ལས་ལ་རྗེར་གྱུར་ཞབས་དྲུང་དུ། ཞེས་བྱ་བ་ལ་སོགས་པའི་ཞུ་ཡིག་ད་ལན་[A:149]ཆོས་འཕྲོར་ཡོད་པས་མ་སླེབ་ཕྱིས་འབྱོན་ཞེས་པ་ཕུལ། དུས་འཁོར་ཐོན་འཕྲལ་དུ་སེམས་འགྲེལ་སྐོར་གཞན་རྣམས་དང་། གྲུབ་པ་སྡེ་བདུན་དང་། ཀྱེ་རྡོར་སྒྲུབ་ཐབས་མེ་ཏྲི་བ་དང་སྒྲ་གཅན་གསང་བས་མཛད་པ་ལ་སོགས་པ་ཤིན་དུ་མང་བ་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ཀྱིས་བཤད་པ་བསྡུས་དོན་འགྲེལ་པའི་དོན་སྐམ་བཤད་དུ་གསུངས། ཐ་ན་ཐིག་ཚུན་ཆད་ལེགས་པར་སློབ་པ་གནང་། དོ་ཧ་སྐོར་གསུམ། ཕྱག་རྡོར་བཀའ་འབུམ་ལ་སོགས་པ་མང་དུ་གསུངས། སློབ་དཔོན་རྒྱལ་རིན་པས་བརྟག་གཉིས་གསུང་བ་དང་། ཁ་ཅིག་གིས་རྒྱུད་བླ་གསུང་བར་གསོལ་བ་བཏབ་པ་དུས་མཚུངས་པས་ཆོས་གྲྭ་ཅིག་ཏུ་གཉིས་ཀ་སྔ་ཕྱི་མཛད་ནས་ནས་ནར་མ་ཆད་དུ་གསུངས། སྦྲུལ་ལོའི་དགུན་རྡོ་རྗེ་འཛིན་པ་རྡོ་རྗེ་བཟང་པོ་བ་ལ་སོགས་པ་མང་པོ་ལ་ཞལ་ལུང་། གྲོལ་ཐིག་སྦྱོར་བདུན་རྣམས་ཀྱི་བཤད་པ་ལེགས་པར་མཛད། ལྕགས་ཕོ་རྟའི་ལོ་ལ་སྤོ་ཏོ་བའི་དཔེ་ཆོས་རིན་དཔུངས་དང་། ཇོ་བོའི་ལམ་ཡིག་སོགས་ཆོས་རྒྱུན་ཆགས་སུ་གནང་བའི་དབྱར་སོས་སྟག་ལུང་ནས་དཔོན་མཇལ་སྣ་བ་བྱུང་སྟེ། ངེད་སྟག་ལུང་པས་སྔ་མོ་ནས་ཕར་ཕྱོགས་སུ་ཕེབས་པའི་ཞུ་བ་སྔ་ཕྱིའང་མང་དུ་བྱས། ད་ལན་ཀྱང་ཕར་ཕྱོགས་སུ་ཕེབས་པའི་བཀའ་ལུང་ཡོད་གསུངས་བས། སྟོན་ཐོན་པའི་དུས་