[B:64b] མཛད་པར་གསོང་པོར་སྨྲ་ཞིང་ཕན་ཐོགས་ཀྱང་མཛད། སྡེ་སྣོད་འཛིན་པར་རློམ་པ་ཕྱོགས་རེ་ཐོས་པས་ང་རྒྱལ་ཞིང་བསམ་བྱུང་གི་ཤེས་རབ་དམན་ལ། ཚིག་སྐམ་གྱིས་ཚིམ་པ་མང་དུ་ལྷགས་པ་རྣམས་ཀྱི་རྩོད་པ་དང་འབེལ་གཏམ་སྣ་ཚོགས་ཞུ་བའི་ལན། གསུང་རྩུབ་མོས་གདོང་ཟློག་མི་མཛད་པར། ཁོང་རང་གང་མོས་ཀྱི་བླ་མ་གོང་མ་རྣམས་དང་ཁོང་རང་གི་ཡོན་ཏན་སོགས་ལ་བསྟོད་པར་མཛད། འབེལ་གཏམ་གྱི་སྐབས་སུ་འདི་ནས་འདི་བཤད། འདི་ནས་འདི་བཤད་གསུང་ནས་ཆོས་ཀྱི་སྒོ་མང་པོ་ཕྱེ་ཏེ། དེའི་བརྙས་པ་ནི་བཅོམ། ཁོང་རང་ཚོ་ཞེན་པའི་གྲུབ་མཐའི་ཚིག་རྣམས་ལ་འབྲུ་གནོན་དུ་བཅུག་སྟེ། དེ་ལ་བཟློག་ཏུ་མེད་པའི་ལུང་དང་རིགས་པ་ཤིན་དུ་རྣོ་བས། ཚིག་འབའ་ཞིག་ལྷུར་བྱེད་པ་ནེ་ཙིའི་འདོན་པར་སོང་བ་རྣམས་དོན་སེམས་པ་ལ་རབ་ཏུ་སྦྱར། བཀའ་དང་བསྟན་བཅོས་ཕྱོགས་མེད་ལ་དཔྱོད་ཏུ་བཅུག་ནས་ཆོས་ཐམས་ཅད་གང་ཟག་གཅིག་གི་བྱང་ཆུབ་བསྒྲུབ་པའི་ཐབས་ཡིན་པར་ནི་བརྡའ་ལེགས་པར་སྤྲད། སྡིག་པ་རྣམས་ཀྱི་ནང་ནས་ལྕི་བའི་མཐར་ཐུག་པ་དམ་པའི་ཆོས་སྤོང་བ་དག་ལ། ལས་དེའི་རྣམ་སྨིན་བསྟན་ནས་བཟློག་པར་མཛད་དེ། དགེ་བའི་བཤེས་གཉེན་སྤོ་ཏོ་བའི་ཞལ་ནས། ཕྱག་རྒྱ་ཆེན་པོ་འདི་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོའི་དོན་ཡིན་པས་གསུང་བ་ལ་སོགས་པས་བསམ་གཏན་པ་རྣམས་ལ་སྨོད་པའི་ལས་ངན་པ་རྣམས་འཆགས་སུ་བཅུག་པ་ལ་སོགས་པའི་སྒོ་ནས་ཐབས་ཀྱིས་ཡང་དག་ལམ་ལ་བཀོད། གཞི་བྱེས་ཀྱི་དགེ་འདུན་ཐམས་ཅད་ཀྱང་ཞག་རེས་གུས་སུ་སོང་། ཕྱིར་ཕེབས་པའི་ཚེ་བྱིན་བརླབས་ཀྱང་སུ་མགྱོགས་མཛད་ནས་ཞུ། དུས་འཁོར་རྒྱུད་འགྲེལ་གྲོལ་ནས་དཔེ་མེད་མཚོའི་སྦྱོར་དྲུག་ཉི་མ་དཔལ་ཡེ་ཤེས་ཀྱི་འགྲེལ་པ་དང་བཅས་པ་དང་། [A:153]དབང་མདོར་བསྟན་ནཱ་རོ་འགྲེལ་པའི་སྟེང་ནས་བཤད་པ། སཱ་དྷུ་པུ་ཏའི་འགྲེལ་པ། བདེ་མཆོག་སྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ། དོན་དམ་བསྙེན་པ། ལྟ་འདོད་མདོར་བསྟན་རྣམས་ཀྱི་ལུང་། རྒྱུད་གསུམ་གསང་བའི་བཤད་པ་གནང་བས་ཆོས་འདི་ལ་བཤད་པ་དེ་བས་བཟང་བ་ཅིག་ཞུ་གསུང་བས་སྐྱར་ནས་གནང་། བསྐྱེད་རིམ་ཡན་ལག་བཞི་པ་རྩ་འགྲེལ། ངང་མོ་རྣམ་རྩེན། རྨི་ལམ་དྲི་ལན།