[B:72a] རིང་ལ་དཔྱིད་ཀྱི་ཐིག་ལེའི་འགྲེལ་པའི་བཤད་པ་དང་། མཚན་བརྗོད་ཀྱི་རྒྱ་དཔེའི་སྟེང་ནས་སྐད་དོད་སྤྲོད་པ་དང་། ནརོ་དོང་སྤྲུགས་ཀྱི་དབང་ལ་སོགས་པ་མང་དུ་གནང་། དེའི་དགུན་བདག་གིས་གསོལ་བ་བཏབ་པའི་ངོར་ཕར་ཕྱིན་གྱི་ཊིཀ་ཆེན་དཔག་བསམ་གྱི་སྙེ་མ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་རྟེན་རྣམ་པར་བཀོད་པ་རབ་ཏུ་གསལ་བའི་སྒྲོན་མ་དག་གི་བརྩོམ་ལེགས་པར་གྲུབ། དེ་རྗེས་རྟེན་འབྲེལ་སྒྲ་སྒྲུབ་ཀྱང་བརྩམས། མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་གཟིངས་ཀློག་པ་ལ་སྙན་ལེགས་པར་གཏད་དེ་མཆན་ཡང་འགའ་རེ་བཏབ། སྣོན་གྱི་ཟླ་བ་ལ་དགེ་བའི་[A:170]བཤེས་གཉེན་ཀུན་དགའ་རྒྱལ་མཚན་པ་ལ། སློབ་དཔོན་ཟླ་བ་གྲགས་པའི་ཚིག་གསལ་ནག་འབྱམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་རྣམས་དྲིས་ལན་གྱིས་གཏན་ལ་ཕབས་ནས། བསམ་པ་ལས་བྱུང་ཆོས་ཀྱི་སྒོ་མོ་ཕྱེ་ཏེ་གསང་སྔགས་ལམ་གྱི་གནད་མང་དུ་སྩལ་བར་མཛད་དོ། དེ་ཡན་ཆད་དུ་ཁ་ཅིག་རབ་ཏུ་བྱུང་བའི་མཁན་པོ། ཁ་ཅིག་ལ་དགེ་ཚུལ་བརླབ་པ་སྦྱིན་པ། ཁ་ཅིག་བསྙེན་པར་རྫོགས་པའི་མཁན་པོ། ལས་ཀྱི་སློབ་དཔོན་དང་། གསང་སྟེ་སྟོན་པ་དང་། དགེ་བསྙེན་གྱི་བསླབ་པ་དང་། བསྙེན་གནས་ཀྱི་སྡོམ་པ་སྦྱིན་པ་དང་། སེམས་བསྐྱེད་མདོར་བསྡུས་རེས་བྱང་ཆུབ་ཏུ་སེམས་བསྐྱེད་བཅུག་པ་དང་། གསང་སྔགས་ཀྱི་རྗེས་སུ་གནང་བ་དང་། དབང་བསྐུར་ཞིང་ལྷའི་སྒྲུབ་ཐབས་ཕོག་པ་དང་། བསྒོམ་པའི་མན་ངག་མདོར་བསྡུས་གནང་བ་ལ་སོགས་པ་ནི་ཤིན་དུ་མང་བར་ཡོད་དེ། སྤྱིར་གྱིས་ཆོས་ཀྱི་སྒོ་མཐའ་དག་པར་གསུང་ཡང་། དབང་བསྐུར་བ་དང་བསླབ་པ་སྐྱོར་བའི་མཁན་སློབ་ལ་ཤིན་དུ་འཛེམ། ཁྱད་པར་བསླབ་པ་བསྐྱར་བ་བྱུང་ན་ངེས་པར་བསྙེལ་འོང་། རྫོགས་རིམས་ཀྱི་གནད་མཐའ་དག་གསུང་ཡང་ཁྲིད་འདེབས་པ་ལ་ཤིན་དུ་འཛང་། ཟབ་མོའི་དོན་གསུང་བ་ཡང་གང་ཟག་དེའི་དབང་པོ་བརྟགས་ཤིང་། སྔགས་པ་གཙོ་བོར་གྱུར་ན་བསྐྱེད་པའི་རིམ་པའི་སྐོར་ཤས་ཆེ་བ་དང་། སྡེ་སྣོད་འཛིན་པ་མང་དུ་ཚོགས་ན་གྲུབ་མཐའི་བཤད་པ་ཤས་ཆེ་བར་འོང་བ་དང་། རྣལ་འབྱོར་ལ་གནས་པ་གཙོ་བོར་གྱུར་ན། ཟབ་གནད་གསུང་བ་ཤས་ཆེའོ་ཞེས་