R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 10b
[B:10b] དྲང་ངེས་རྣམ་འབྱེད་གསུང་བའི་སྐབས་སུ། འདིར་བཤད་པ་དང་འགལ་བ་མིན་པའི་དྲང་ངེས་ཀྱི་འབྱེད་ལུགས་ཤིག་ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་བཤད་འདུག་ཅེས་ཚོགས་སུ་གསུང་ནའང་། གདུལ་བྱ་རྣམས་ལ་དེའི་སྣོད་མེད་པས་ཕྲིན་ལས་དེ་འདྲ་ལ་གསུང་དེ་བྱུང་བའི་དུས་སུ་མཎྜལ་ཕུལ་ནས་གསོལ་བ་འདེབས་མི་གཅིག་ཀྱང་མ་བྱུང་། ངེད་རང་གི་ཁ་མཁོས་ལ་དཔེས་པའི་བློ་བསྐྱེད་ཤིན་ཏུ་ཆེ་བར་བྱུང་། ཐོས་པ་ཙམ་ལ་མི་འཇོག་པར་རང་གི་ཤེས་རབ་ཀྱིས་གསུང་རབ་ལ་ལེགས་པར་དཔྱོད་པ་དང་། འཕྲལ་གྱི་མཛད་པའི་ཚུལ་རྣམས་རྗེ་ཁོ་ན་ལ་ཐུགས་དད་པ་ཡིན་ནོ། ལུག་གི་དགུན་དེ་དུས་འཁོར་ལ་ཐུགས་སྦྱོང་བར་བཞེད་ནས་བླ་མ་རྐྱང་ཆེན་པའི་དྲུང་དུ་གསོལ་བ་བཏབ་པས། དེ་ལ་སྦྱོར་དྲུག་གི་ཁྲིད་ཐོབ་དགོས་གསུང་། བསམ་གཏན་གླིང་ལྟ་བུར་བཞུགས་ནས་ཁྲིད་གནང་བར་ཞུས་པས་ང་ཁྲིད་བྱེད་ཀྱི་མེད་གསུང་། འོ་ན་སུ་ལ་ཞུ་ཞུས་པས་འཇུ་ལྷ་ཁང་སྟེངས་སུ་དུ་ཞུས་གསུང་། འདི་ལ་ཁྲིད་གནང་བ་ཞུ་གསུང་བའི་ཞུ་ཡིག་གཅིག་གནང་ན་ཡོང་ངམ་ཞུས་པས་ལོས་ཡོང་ངའི་བླ་མ་ཡིན་གསུང་ནས་ཞུ་ཡིག་མཛད་པ་བསྣམས་ནས་ལྷ་ཁང་སྟེངས་སུ་གསོལ་བ་འདེབས་སུ་ཕེབས་པས་ཆས་ཁ་ཁྱེར་ལ་བྱོན་ཅིག་གསུངས། དེ་ནས་ཆས་ཁ་བསྣམས་ནས་ཕེབས་ཏེ་དུས་ཀྱི་འཁོར་ལོའི་མཆོག་དབང་། སྦྱོར་དྲུག་གི་[A:26]སོར་བསམ་ཡན་ཉམས་ཁྲིད་དུ་གནང་། ངོ་སྤྲོད་གསང་དོན་རབ་གསལ་གྱི་ལུང་། བླ་མ་གསང་འདུས་དང་ཐོད་ཕྲེང་རྩལ་གྱི་དབང་རྣམས་གསན་གྲུབ་པའི་འཕྲལ་དུ། བླ་མ་རྐྱང་ཆེན་པ་ཤཱཀྱ་ཤྲཱི་ཆུ་མིག་དགོན་སར་དུ་སྤྱན་དྲངས་ནས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་འཇམ་དབྱངས་ཆོས་མགོན་པའི་ས་བཅད་དང་མཆན་བུ་ལ་བརྟེན་ནས་གནང་བ་ལ། བར་ཆད་འབྱུང་ཉེན་ཡོད་ཅེས་ཤིན་དུ་འགྲུས་པར་གསུངས་པའི་ཚེ༑ ངས་ཡིད་གཞུངས་ནས་ཉན། ངའི་ཟླ་ལ་སློབ་དཔོན་ཆོས་དབང་ཡོད་ཀྱང་། ཁོང་ཆོས་ཟུག་འཕྲལ་ལ་གཉིད་དུ་འགྲོ་ཞིང་འདུག ཞག་ཉི་ཤུ་རྩ་བརྒྱད་ལ་བཤད་པ་རྫོགས་པས། ལུང་ལྟ་བུར་སོང་ནའང་བྱིན་བརླབས་ཀྱིས་ཐུགས་བསྐྱེད་ཆེ་བར་བྱུང་གསུང་། སྔར་ཆོས་རྗེ་རྒྱལ་