R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 30b
[B:30b] མདར་ཕེབས་ནས། ཞག་བཅུ་བཞིའི་བར་དུ་བཞུགས་པའི་སྐུ་མདུན་དཔལ་མཁའ་སྤྱོད་དབང་པོའི་ཆོས་དྲུག་ཆེན་མོ། ཀརྨ་པཀྴིའི་དམ་ཚིག་གི་བཤད་པ་དཔལ་རང་བྱུང་རྡོ་རྗེས་མཛད་པ་དམ་ཚིག་རྒྱ་མཚོ་ཞེས་བྱ་བའི་ལུང་གསན། ཐུགས་ཤིན་དུ་དགྱེས་པར་བྱུང་ནས་ཞབས་ཀྱི་མཐེ་བོང་ལ་ཧོར་ཡིག་གསར་གྱི་རྒྱལ་མེ་རིའི་དབུས་ན་བཞུགས་པའང་སྟོན་པ་གནང་བས་ངོས་འཛིན་ཞུས། སློབ་དཔོན་བསོད་བཀྲས་པའི་གསུང་ནས་ད་ལན་དཔོན་སློབ་འཕྲོད་པ་བྱུང་བ་ཤིན་དུ་ལེགས། གཞན་ཁོང་དཔོན་སློབ་མཚན་ཉིད་པ་རྣམས་ལ་གཟིགས་ལུགས་ཟུར་པ་ཅིག་འོང་གི་འདུག་ཟེར། དེའི་དགུན་ཡང་སྙོན་ཕུག་ཏུ་གཙོ་བོར་ཐུགས་དམ་ཁོ་ན་ལ་བཞུགས། བར་སྐབས་སུ་སློབ་དཔོན་བསོད་བཀྲས་པ་དང་དགེ་བཤེས་བསམ་ཤེ་དང་དང་དགེ་སྦྱོང་གཅིག་སྟེ་གསུམ་ལ་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་གནང་། སྤྲེའུ་ལོའི་[A: 72]
1440ལོ
དཔྱིད་སྒམ་པོ་སྐོར་དུ་ཕེབས་ནས་ཞག་གསུམ་བཞུགས། དཔལ་སྒམ་པོ་པའི་སྐུ་འདྲ་རིན་པོ་ཆེའི་སྐུ་མདུན་ཕེབས་པའི་ཚེ་མཇལ་མ་ཁད་ཙ་ན་གསོན་མའི་སྣང་བ་ཤར་གསུང་། ཟངས་ལུང་དུ་ཡང་གནས་སྐོར་དུ་ཕེབས། འགྲོ་མགོན་རིན་པོ་ཆེ་ལ་ཐུགས་དམ་འཁྲུངས་པའི་དེའུ་ཤར་མའི་ཁར་ཡང་དུམ་ཞིག་བཞུགས་རིན་པོ་ཆེ་ལ་མཇལ་བ་ནི་མ་བྱས་གསུང་། དེ་ནས་སྤྲེའུ་ལོའི་སྟོན་དྭགས་པོ་ལ་བར་དུ་ཕེབས་ནས་ཆོས་རྗེའི་མི་འབབས་པ་བསོད་ནམས་རིན་ཆེན་པའི་དྲུང་དུ་དཔལ་མཁའ་སྤྱོད་དབང་པོའི་སྐྱེས་སྦྱོར། ངོ་སྤྲོད་གནད་ཀྱི་མེ་ལོང་། གསལ་བའི་མེ་ལོང་། གསང་བའི་མེ་ལོང་། སེམས་གསང་མི་འགྱུར་ཀུན་གྲོལ། བརྒྱུད་པའི་གསོལ་འདེབས། རི་ཆོས་གཅིག་ཤེས་ཀུན་གྲོལ། གསུང་སྦྱར་སྙིང་པོ་ལེགས་གྲུབ། གདོད་མའི་རྒྱལ་བ་རབ་གསལ། འཁོར་བརྟག་དབང་པོའི་ཚོན་མཛེས། མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་གླེང་བཞིའི་ལེའུ། བླ་མའི་རྣལ་འབྱོར། དཀར་འགྱེད། དམར་འགྱེད། མ་རྒྱུད་ཕ་རྒྱུད་ཀྱི་གསོལ་འདེབས། གཏོར་མ། སྙན་རྒྱུད་གོང་ཁུག་མ། གཅོད་ཀྱི་དམར་ཁྲིད། ལྷན་ཅིག་སྐྱེས་གྲུབ་དཔལ་མོའི་འགྲེལ་པ་དང་བཅས་པ།