R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 34b
[B:34b] གཉེན་ལམ་དགག་ཏུ་འོང་བ་ངོ་ཚ། བདག་པཎ་ཆེན་རིན་པོ་ཆེ་བོད་དུ་སྤྱན་འདྲེན་དུ་འོངས་པ་ཡིན་གསུངས་པས། དེ་ནས་བདག་པོ་ལྷ་བཙན་སྐྱབ་པ་བ་རང་གིས་ལྡུམ་ར་ཞིག་འདུག་པར་སྦྲ་ཆ་ཐེར་དཀར་ནག་ཕུབ་ནས་ཕེབས་བྱོན་པར་མཇལ། བཀུར་སྟི་ཆེན་པོ་ཡང་མཛད། སྲས་པོ་བདག་པོ་ཚེ་དབང་པ་ནི་བགས་འོང་ཟེར་ནས་མཇལ་ཕྲད་མཛད་དུ་མ་འདོད། བདག་པོའི་དྲུང་པ་དང་མཇལ་བའི་ཚེ་བཀུར་སྟི་ཞ་ཕུད་ཙམ་མཛད་པས། ཁོང་གི་དྲུང་སྐོར་དང་སྐྱེ་བོ་རྣམས་ལྟད་མོ་བལྟས་ནས་རྩེ་ཐང་པ་དེ་པ་ཞུད་པོ་གཅིག་དང་གདའ་སྟེ། བདག་པོའི་དྲུང་དུ་ཕྱག་མི་འཚལ་བདེ་ཨེན་མི་མང་ཟེར། འདིས་མཚོན་ནས་ཁྱིམ་པ་སུ་ཆེ་ཡང་མི་ཆོས་ཀྱིས་ཐུགས་འཛིན་ལ་ཕྱག་གཏན་ནས་མི་མཛད། མི་ཆེན་མི་སྐྱ་སུས་ཕྱག་ཕུལ་ཡང་ཕྱག་ལན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དབུ་ཐུག་ཀྱང་མི་གནང་བ་ནི། [A:81]སངས་རྒྱས་ཀྱི་བསྟན་པའི་ཆེ་བ་ཁོ་ན་ལ་དགོངས་པར་སྣང་ངོ་། དེར་བདག་པོ་དང་མཇལ་ནས་དོན་གྱི་གཙོ་བོ། གྲུབ་པའི་དབང་ཕྱུག་པཎ་ཆེན་རིན་པོ་ཆེ་བོད་དུ་སྤྱན་འདྲེན་པའི་ཕྱིར་ཕེབས་པ་ཡིན། དེ་ལ་རྒྱུ་རྐྱེན་ཇི་ཙམ་དགོས་སོགས་ཀྱི་ཞུ་བ་མཛད་པས། དེ་རྣམས་ཀྱི་ཆ་རྐྱེན་ཐམས་ཅད་ཀྱང་བདག་པོ་ལྷ་བཙན་སྐྱབ་པས་ཞལ་གྱིས་བཞེས་ནས་དཀའ་གནས་ཐམས་ཅད་གྲོལ། ཡོན་མཆོད་ཤིན་དུ་འཕྲོད་པར་བྱུང་ནས་ཐུགས་བདེ་འབོལ་གྱིས་སོང་གསུང་། དེ་ནས་དགུན་ཉི་ལྡོག་གདོང་དུ་སླེབ་པའི་ཚེ། དགེ་བའི་བཤེས་གཉེན་བདུན་པ་ཞིག་ལ་ཞུ་ཡིག་ལེགས་པར་ཕུལ་ནས་བལ་པོར་བརྫངས། ཆིབས་པ་མེད་པར་ཕེབས་མི་ཐུབ་པས་དཔོན་སློབ་ལྔས་ལ་སྟོད་ལྷོར་སྒུག་ཅིང་བཞུགས་སོ། དེའི་ཞུ་ཡིག་ནི་བོད་སྐད་དུ་བསྒྱུར་བ་འདི་ཡིན་ཏེ། དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཅན་གྱི་ཞབས་ཀྱི་པད་མར་ཀུམ་ར་ཤྲི་གུས་པར་ཕྱག་བགྱིས་ཏེ་ཞུ་བ། རྗེ་ཉིད་སྐུ་གསུང་ཐུགས་བདེ་བ་ཆེན་པོའི་རང་བཞིན་ལས་གཡོ་བ་མེད་པར་